དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་ཧ་མ་སིས་དབྱི་སི་རལ་གྱི་མི་མ་བཏང་ཚེ་དབྱི་སི་རལ་གྱིས་ཡང་བསྐྱར་དམག་འཁྲུག་མགོ་རྩོམ་རྒྱུ་ཡིན་ཟེར།
2025.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཚེས12ཉིན། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་ཡིས་བཤད་རྒྱུར། ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་གལ་ཏེ་ཚེས15ཉིན་གྱི་སྔོན་ལ་བཀག་ཉར་བྱས་ཡོད་པའི་དབྱི་སི་རལ་གྱི་མི་སྣ་གློད་བཀྲོལ་མ་བཏང་ཚེ།  དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་མེད་པར་བཟོས་ནས་དབྱི་སི་རལ་གྱིས་ཡང་བསྐྱར་དམག་འཁྲུག་མགོ་རྩོམ་རྒྱུ་ཡིན་ཟེར།

ཁ་ཚི་ཡིས“དམག་འཁྲུག་གསར་པའི”དྲག་ཚད་ཀྱི་ཐད་ནས་སྔོན་ཆད་དང་མི་འདྲ་བར་མ་ཟད། ཧ་མ་སི་རྩ་བ་ནས་ཕམ་པ་དང་བཀག་ཉར་བྱས་ཡོད་པའི་དབྱི་སི་རལ་གྱི་མི་སྣ་ཚང་མ་གློད་བཀྲོལ་གཏོང་བའི་བར་དུ་རྒྱུན་མཐུད་བྱ་རྒྱུ་ཡིན་པར་མ་ཟད།  མཐར་ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་ཡི་ཅ་ཧྲ་ས་ཁུལ་གྱི་འབྲེལ་ཡོད“རེ་འདུན”མངོན་འགྱུར་བྱ་རྒྱུ་ཡིན་ཟེར།

ཚེས10ཉིན།  ཧ་མ་སིས་དབྱི་སི་རལ་གྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་འགལ་པར་སྐྱོན་འཛུགས་བྱས་ནས། སྔོན་གྱི་ཚེས15ཉིན་སྤེལ་བའི་བཀག་ཉར་བྱས་པའི་མི་སྣ་གློད་བཀྲོལ་གཏོང་བའི་བྱ་བར་ནར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཚེས11ཉིན་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། བདེ་འཇགས་ནང་བློན་ཁང་གིས་ཧ་མ་སིས་ཚེས15ཉིན་གྱི་ཉིན་གུང་བར་བཀག་ཉར་བྱས་པའི་མི་སྣ་གློད་བཀྲོལ་མ་བཏང་ཚེ། དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་མེད་པར་བཟོས་ནས།  དབྱི་སི་རལ་གྱི་དམག་གིས་“འཐབ་འཛིང་དྲག་པོ”ཡང་བསྐྱར་མགོ་རྩོམ་རྒྱུ་ཐག་གིས་བཅད་ཡོད་ཟེར།   ཐི་ལང་ཕུའུ་ཡིས་ཀྱང་ཧ་མ་སིས་ཚེས15ཉིན་གྱི་ཉིན་གུང་གི་སྔོན་དུ་བཀག་ཉར་བྱས་པའི་མི་སྣ་ཚང་མ་གློད་བཀྲོལ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་།  དེ་ལྟར་མ་བྱས་ཚེ་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་མེད་པར་བཟོ་རྒྱུའི་གྲོས་གཞི་བཏོན་པ་རེད།

ཚེས4ཉིན། ཐི་ལང་ཕུའུ་ཡིས་ཨ་རིས་ཅ་ཧྲ་ས་ཁུལ་“རྩིས་ལེན་བདག་སྤྲོད”བྱེད་པ་དང་འབྲེལ“ཡུན་རིང་དབང་བའི”རེ་བ་བྱེད་ཀྱི་ཡོད་མོད། འོན་ཀྱང་མིག་སྔར་ཅ་ཧྲ་ས་ཁུལ་དུ་སྡོད་པའི་ཕ་ལེ་སི་ཐན་པ་རྒྱལ་ཁབ་གཞན་དུ་གནས་སྤོས་ནས་བཀོད་སྒྲིག་བྱེད་དགོས་ཞེས་བཤད།  ཕ་ལེ་སི་ཐན་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཏམ་བརྗོད་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བས“དང་ལེན་བྱེད་མི་ཐུབ”པར་ངོས་འཛིན་བྱེད་ཀྱི་ཡོད།

ཟླ1པོའི་ཚེས15ཉིན། དབྱི་སི་རལ་དང་ཧ་མ་སི་བར་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པའི་ཐད་གྲོས་མཐུན་བྱུང་བ་རེད། གྲོས་མཐུན་དེ་ཟླ1པོའི་ཚེས19ཉིན་ནུས་པ་ཐོན་ཡོད། དམག་འཁྲུག་མཚམས་བཞག་པའི་དུས་རིམ་དང་པོ་གཟའ་འཁོར་དྲུག་གི་རིང་ལ་རྒྱུན་འཁྱོངས་བྱས་པ་དང་། དེའི་རིང་ཕྱོགས་གཉིས་ཀྱིས་རང་སོ་སོས་བཀག་ཉར་བྱས་པའི་ཕ་རོལ་པོའི་མི་སྣ་སྐོར་ཞིག་བརྗེ་རེས་བྱས་པ་དང་། ཟླ2པའི་ཚེས8ཉིན་ཧ་མ་སི་དང་དབྱི་སི་རལ་གྱིས་བཀག་ཉར་བྱས་པའི་མི་སྣ་སྐོར་ལྔ་པ་བརྗེ་རེས་བྱས་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།