ཚེས12ཉིན། ཨ་རི་སྲིད་གཞུང་གི་ལས་གནས་ལས་ཕུད་པའི་ལྟ་ཞིབ་དཔོན་རིགས་8ཀྱིས་ཐི་ལང་ཕུའུ་སྲིད་གཞུང་ཞུ་གཏུག་བྱས་པ་དང་། ལས་གནས་ལས་ཕུད་པའི་བྱ་སྤྱོད་དེ“ཁྲིམས་འགལ་ཡིན”པར་ངོས་འཛིན་བྱས་ཏེ། ཁོ་ཚོའི་རང་སོ་སོའི་ལས་ཁུངས་ཀྱི་ལས་གནས་སླར་གསོ་བྱ་རྒྱུའི་རེ་བ་བཏོན།
གཏུག་བཤེར་དེ་ནི་ཁོ་ལོམ་པི་ཡའི་དམིགས་བསལ་ཁུལ་གྱི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་ཁྲིམས་ཁང་ནས་སྤེལ་ཡོད་པ་རེད། གཏུག་བཤེར་ཁྲོད་ལྟ་ཞིབ་དཔོན་རིགས་དེ་དག་གིས་སྲིད་གཞུང་གི་སྒྲིག་གཞིའི་འཕྲོ་བརླག་དང་། མགོ་འཁྲུལ། དབང་ཆ་གང་བྱུང་དུ་སྤྱོད་པ་བཅས་ཀྱི་བྱ་སྤྱོད་རྩ་བ་ནས་མེད་པར་བཟོ་བའི་འགན་འཁུར་ནས། རྒྱལ་ཕྲན་མཉམ་འབྲེལ་གྱི་འགྲོ་སོང་ཨ་སྒོར་དུང་ཕྱུར་ཁྲི་ཁ་ཤས་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་གླ་བ་ཁྲི་བརྒྱ་ཕྲག་ཁ་ཤས་ཀྱི་བྱ་སྤྱོད་ལ་ཏང་ཁག་གང་ལའང་མི་གཏོགས་པའི་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད་ཅིང་། ལྟ་ཞིབ་མི་སྣ་དེ་དག་ལས་གནས་ལས་ཕུད་པའི་བྱ་སྤྱོད་དེས་ཐི་ལང་ཕུའུ་སྲིད་གཞུང་ལ་ལྟ་སྐུལ་གྱི་ནུས་པ་ཤོར་ཡོད་པར་འདོད།
《ཧྭ་ཨེར་ཁྲོམ་གཞུང་ཉིན་རེའི་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་གཏུག་བཤེར་བྱས་པའི་ལྟ་ཞིབ་དཔོན་རིགས8ནི། ཞིང་ལས་པུའུ་དང་རྒྱལ་སྲུང་པུའུ། སློབ་གསོ་པུའུ། ངལ་རྩོལ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་། དམག་ཁོངས་ནས་ཕྱིར་བུད་པའི་ལས་དོན་པུའུ། འཕྲོད་བསྟེན་དང་སྤྱི་དམངས་ཞབས་ཞུ་པུའུ། ཁེ་ལས་ཆུང་གྲས་དོ་དམ་ཅུའུ་བཅས་ཀྱི་ལྟ་ཞིབ་དཔོན་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐི་ལང་ཕུའུ་ཡིས་ཨ་རིའི་ཙུང་ཐུང་གི་འགན་འཁུར་ནས་ཉིན་འགའི་རྗེས་སུ། ཟླ1པོའི་ཚེས24ཉིན། ལྟ་ཞིབ་དཔོན་བཅུ་ལྷག་ཙམ་ཐེངས་གཅིག་ལ་ལས་གནས་ནས་ཕུད་ཡོད་པ་རེད། ཕོ་བྲང་དཀར་པོ་ཕྱོགས་ཀྱིས་བྱ་སྤྱོད་དེ་ཡོངས་སུ་ཁྱབ་བསྒྲགས་བྱས་མེད་པ་དང་། དཔོན་རིགས་དེ་དག་ཅིའི་ཕྱིར་ལས་གནས་ལས་ཕུད་པའི་ཐད་འགྲེལ་བཤད་ཀྱང་བྱས་མེད། ཟླ2པའི་ཚེས11ཉིན། ཨ་རིའི་རྒྱལ་སྤྱིའི་གསར་སྤེལ་ཧྲུའུ་ཡི་ལྟ་ཞིབ་དཔོན་པའོ་ལོའོ·མ་ཏིང་ཡང་ལས་གནས་ནས་ཕུད་པ་རེད།
འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ན་ཨ་རིའི་ཙུང་ཐུང་ལ་ལྟ་ཞིབ་དཔོན་ལས་གནས་ནས་ཕུད་པའི་དབང་ཆ་ཡོད་མོད། འོན་ཀྱང་ཐི་ལང་ཕུའུ་སྲིད་གཞུང་གིས་ཁྲིམས་ལྟར་ཉིན30སྔོན་ལ་རྒྱལ་ཚོགས་ལ་བརྡ་ཐོ་མ་བཏང་བར་མ་ཟད། ལས་གནས་ནས་ཕུད་པའི་ཞིབ་ཕྲའི་རྒྱུ་རྐྱེན་འདོན་སྤྲོད་བྱས་མེད་པས། དམངས་གཙོ་ཏང་གི་གྲོས་མི་དང་ཐ་ན་སྤྱི་མཐུན་ཏང་གི་གྲོས་མི་ཁག་ཅིག་གིས་རྒོལ་གཏམ་བཏང་བ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།