དབྱི་ལིང་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཧ་ཅེ་ལ་ཉི་ཡིས་ཚེས12ཉིན་བཤད་རྒྱུར། དབྱི་ལིང་སྲིད་གཞུང་གིས་འཆར་གཞི་ནུས་ལྡན་གཏན་འབེབས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེར་བརྟེན་ནས་ཨ་མེ་རི་ཁའི་ཐལ་དྲགས་པའི་གནོན་ཤུགས་སྲིད་ཇུས་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གི་གནས་ཚུལ་ལྟར་ན། མུའུ་ཧ་ཅེ་ལ་ཉི་ཡིས་ཉིན་དེར་ནེ་ཀི་གྲོས་ཚོགས་རྗེས་སུ། དབྱི་ལིང་སྲིད་གཞུང་གིས་སྒེར་གཉེར་སྡེ་ཁག་གི་ནུས་པ་དང་རྒྱལ་ནང་གི་ཐོན་ནུས། ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བ་དམིགས་སུ་བཟུང་སྟེ། ཨ་མེ་རི་ཁའི་ཐལ་དྲགས་གནོད་ཤུགས་སྲིད་ཇུས་ཀྱི་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་དང། མོས་དབྱི་ལིང་གིས་གྲོས་མོལ་གཙོར་འཛིན་ཡང་བརྙས་བཅོ་ལ་མགོ་སྒུ་མི་སྲིད་ཞེས་ནན་བཤད་བྱས།
ཉིན་དེར། དབྱི་ལིང་གི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་གིས་དབྱི་ལིང་ལྷོ་ཕྱོགས་ཀྱི་པུའུ་ཧྲི་ཨར་ཞིང་ཆེན་གྱི་གྲོས་ཚོགས་ཤིག་གི་སྟེང་གཏམ་བཤད་སྤེལ་རྒྱུར། དབྱི་ལིང་པས་རང་ཁ་རང་གསོ་བྱེད་པར་འབད་པ་བྱེད་དགོས་ཤིང་། ཕྱི་རྒྱལ་སྲིད་གཞུང་གི་ཐག་གཅོད་ཀྱིས་རང་རྒྱལ་ཁབ་ཀྱི་གནས་བབ་ལ་ཤུགས་རྐྱེན་ཐེབས་མི་རུང་ཟེར། དབྱི་ལིང་གིས་འཛམ་གླིང་ཡོངས་ལ་ཁ་བརྡ་བྱེད་འོས་ཤིང་དེར་འཐད་པ་ཡིན་ཡང་། དེ་ནི་ཡོད་ཚད་བློས་གཏོང་བ་ཞིག་མིན་ཞེས་བཤད། དུས་མཉམ་དུ་ཁོས་དམག་འཁྲུག་དང་འགལ་བའི་ཁྲོད་དུ་འཕེལ་རྒྱས་མངོན་འགྱུར་བྱེད་མི་སྲིད། དམག་འཁྲུག་མི་སུ་ཞིག་གི་ཁེ་ཕན་དང་འཚམ་པ་མེད་ཅེས་ནན་བཤད་བྱས།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས4ཉིན་ཙུང་ཐུང་གི་ཟིན་ཐོའི་སྟེང་མིང་རྟགས་བཀོད་དེ། ཙུང་ཐུང་གི་འགན་ཡུན་ཐོག་མའི་དུས་སྐབས་ནང་དབྱི་ལིང་ལ་ཐལ་དྲགས་པའི་གནོན་ཤུགས་ལག་བསྟར་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་ཡང་བསྐྱར་མགོ་རྩོམ་རྒྱུ་ཐག་བཅད་པ་དང་། དེའི་ཁྲོད་རྡོ་སྣུམ་འགག་སྒོའི་གཞི་རྒྱ་མེད་པར་གཏོང་བའི་བྱེད་ཐབས་སྤྱད་དེ། དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་ཐོབ་པར་བཀག་འགོག་བྱེད་པ་འདུས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།