ཨེ་ཅིབ་ཀྱི་ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས12ཉིན་གསར་འགྱུར་སྤེལ་ནས། ཨེ་ཅིབ་དང་ཁཱ་ཐར་གྱིས་ད་ལྟ་འདུམ་འགྲིག་ཐད་འབད་པ་ཤུགས་ཆེན་བྱས་ནས། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞིར་གཏོར་ཞིག་ཐེབས་པར་བཀག་འགོག་བྱེད་བཞིན་ཡོད་ཟེར།
གསར་འགྱུར་ལས་ཆ་འཕྲིན་མི་སྣ་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨེ་ཅིབ་དང་ཁཱ་ཐར་གྱིས་ད་ལྟར་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་ཕྱོགས་གཉིས་ཀྱིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་བརྩི་སྲུང་བྱེད་པར་འབད་པ་བྱེད་བཞིན་ཡོད་ལ། དམག་འཁྲུག་མཚམས་འཇོག་པའི་གྲོས་གཞིར་གཏོར་ཞིག་བཏང་ན་འགལ་བ་གསར་བ་འབྱུང་སྲིད་ཅིང་། ས་ཁུལ་ལ་ཤུགས་རྐྱེན་དང་གྱོང་གུད་ཚབས་ཆེད་ཐེབས་སྲིད་པའི་ཉེན་བརྡ་བཏང་།
ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་གསལ་བསྒྲགས་ཤིག་གི་ཁྲོད་བཤད་རྒྱུར། ཧ་མ་སིའི་མཐོ་རིམ་དཔོན་པོ་ཧ་ལིས་ལི་ཧ་ཡ་ཡིས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་ཉིན་དེའི་སྔ་ཤས་སུ་ཨེ་ཅིབ་ཀྱི་ཁེ་རོ་རུ་འབྱོར་བ་དང་། ཨེ་ཅིབ་ཀྱི་དཔོན་མི་དང་ཐུག་འཕྲད་གྲོས་མོལ་བྱས་ནས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལག་བསྟར་བྱེད་པ་དང་བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པའི་གནད་དོན་ལ་གྲོས་སྡུར་བྱས་ཟེར།
གཞན་ཡང་མིང་བཤད་མི་འདོད་པའི་ཨེ་ཅིབ་ཀྱི་ཆ་འཕྲིན་མི་སྣ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཧ་མ་སིས་ཨེ་ཅིབ་ཕྱོགས་ལ། གྲོས་གཞི་ལས་ཚེས15ཉིན་དབྱི་སི་རལ་གྱི་བཀག་འཇུག་མི་སྣ་སྐོར་ཞིག་ཕྱིར་གཏོང་རྒྱུར་འཐད་པ་ཡིན་ཟེར་ཡང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་གྱི་བཀག་འཇུག་མི་སྣ་ཚང་མ་ཕྱིར་གཏོང་བའི་རེ་བ་དང་ལེན་མི་བྱེད་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།