ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧི་ཀི་སའེ་སི་ཡིས་ཚེས12ཉིན་པི་ལི་ཧྲིའི་པུའུ་ལུའུ་སེར་ནས་བཤད་རྒྱུར། ཝུའུ་ཁི་ལན་གྱི2014ལོའི་སྔོན་གྱི་མཐའ་མཚམས་སླར་གསོ་བྱེད་པ་དེ་དོན་དངོས་དང་མི་མཐུན་ཞིང་། ཨ་མེ་རི་ཁས་ཝུའུ་ཁི་ལན་བྱང་ཆིངས་སུ་ཞུགས་པ་བརྒྱུད་ཝུའུ་ཁི་ལན་གྱི་མ་འོངས་པའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཚུལ་དེར་འཐད་པ་མིན་ཟེར།
ཝུའུ་ཁི་ལན་རྒྱལ་སྲུང་ལས་དོན་འབྲེལ་གཏུག་ཚན་ཆུང་གི་གྲོས་ཚོགས་ཉིན་དེར་བྱང་ཆིངས་སྤྱི་ཁྱབ་པུའུ་ནས་བསྡུས་པ་དང་། དེའི་ཁྲོད་ཝུའུ་ཁི་ལན་དང་བྱང་ཆིངས་ཁོངས་གཏོགས་རྒྱལ་ཁབ་འདུ་བའི་རྒྱལ་ཁབ་བཞི་ཅུ་ལྷག་གི་འཐུས་མི་ཞུགས་ཡོད། ཨ་མེ་རི་ཁའི་ཚབ་ཏུ་ཐོག་མར་གྲོས་ཚོགས་ལ་ཞུགས་མཁན་ཧི་ཀི་སའེ་སི་ཡིས། ཝུའུ་ཁི་ལན་གྱི2014ལོའི་སྔོན་གྱི་མཐའ་མཚམས་སླར་གསོ་བྱེད་པ་ནི་དོན་དངོས་དང་མི་མཐུན་པའི་དམིགས་འབེན་ཞིག་ཡིན་ལ། སྟོངས་བསམ་ཀྱི་དམིགས་འབེན་འདི་བློས་གཏོང་མ་ཐུབ་ན་དམག་འཁྲུག་གི་རྒྱུན་ཇེ་རིང་དུ་གཏོང་བར་མ་ཟད། སྔར་ལས་མང་བའི་སྡུག་བསྔལ་བསྐྱེད་ངེས་ཡིན་ཞེས་བཤད།
ཧི་ཀི་སའེ་སི་ཡིས་ཨ་་མེ་རི་ཁས་ཝུའུ་ཁི་ལན་བྱང་ཆིངས་སུ་ཞུགས་པ་ནི་ཨུ་རི་སི་དང་ཝུའུ་ཁི་ལན་གྱི་འགལ་བ་གྲོས་མོལ་གྱིས་ཐག་གཅོད་པའི་དོན་དངོས་མཇུག་འབྲས་ཤིག་མིན་པར་བསམ་ཡོད་ལ། ཡུན་རིང་གི་ཞི་བདེའི་གྲོས་གཞི་གང་ཞིག་ཡིན་རུང་དེ་ལ་ངེས་པར་དུ་དམག་འཁྲུག་ཡང་བསྐྱར་མི་འབྱུང་བར་འགན་ལེན་ཡོད་པའི་ནུས་ལྡན་གྱི་བདེ་འཇགས་འགན་སྲུང་ཞིག་ཡོད་དགོས་ལ། ཡོ་རོབ་ཀྱི་དམག་དཔུང་དམག་འཁྲུག་རྗེས་སུ་ཝུའུ་ཁི་ལན་བདེ་འཇགས་ཐད་ཀྱི་སྟོབས་ཤུགས་གཙོ་བོར་འགྱུར་དགོས་པར་འདོད། ཨ་མེ་རི་ཁའི་དམག་དཔུང་དེའི་ཁྲོད་ཞུགས་མི་སྲིད་ཟེར།
ཧི་ཀི་སའེ་སི་ཡིས་གལ་ཏེ་མ་འོངས་པར་ཡོ་རོབ་ཀྱི་དམག་དཔུང་ཝུའུ་ཁི་ལན་ཞི་བདེའི་སྲུང་སྐྱོང་ཐད་བཀོད་སྒྲིག་བྱས་ན། དེ་ཡང་བྱང་ཆིངས་མིན་པའི་ལས་འགན་དུ་བརྩི་བ་ལས། བྱང་ཆིངས་ཀྱི་ཐུན་མོང་འགོག་སྲུང་གི་ལས་དོན་དུ་འགྱུར་མི་རུང་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།