ཐུར་ཁེའི་ཙུང་ཐུང་གིས་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་པ་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།
2025.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས14ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་དག་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་པའི་གཏན་བཤད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འཆར་གཞི་དེ་དང་ལེན་བྱེད་ཐབས་མེད་ཟེར།

མཱ་ལེ་ཞི་ཡཱ་དང་ཧིན་རྡུ་ཉི་ཞི་ཡཱ། ཕཱ་ཁི་སི་ཐན་བཅས་སུ་འཚམས་འདྲི་བྱས་རྗེས། ཨེ་ཨར་ཏའོ་ཨན་ཉིན་དེར་ཐུར་ཁེ་རུ་བགྲོད་པའི་གནམ་གྲུའི་སྟེང་གསར་འགོད་པར་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་མཐར་སྐྲོད་གཏོང་བའི་འཆར་གཞི་དེ་ནི་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། བྱ་སྤྱོད་དེ་ལས་ཡུན་རིང་རེ་སྒུག་བྱས་པའི་ཞི་བདེ་འབྱུང་མི་སྲིད་ལ། འཁྲུག་རྩོད་ཇེ་དྲག་ཏུ་གཏོང་བ་དང་ཁྲག་བཞུར་དོན་རྐྱེན་ཇེ་མང་དུ་བཏང་ནས་དཀའ་སྡུག་ཇེ་ཆེར་གཏོང་བ་ལས་ཅང་མེད་ཟེར།

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཨ་མེ་རི་ཁའི་དབུས་ཤར་གྱི་འཐབ་ཇུས་ལ་ཞན་ཆ་ཆེན་པོ་ཡོད་པར་མ་ཟད། ས་ཁུལ་དེར་ནོར་འཆུག་གི་བརྡར་གཅོད་བྱས་ཡོད་ཟེར། ཁོས་བཤད་རྒྱུར། སྲིད་ཇུས་གང་ཡིན་ཡང་ས་ཁུལ་དེའི་ལོ་རྒྱུས་དང་རིན་ཐང་ལྟ་བ་སྣང་མེད་དུ་བསྐྱུར་མི་རུང་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ནན་གྱིས་བསྟན་དོན། ངེས་པ་དོན་གྱི་འདྲ་མཉམ་གྱི་ཐག་གཅོད་ཇུས་གཞི་གལ་འགངས་ཧ་ཅང་ཆེ་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དགོས་པར་མ་ཟད། ཕཱ་ལེ་སི་ཐན་མི་དམངས་ཀྱི་རེ་འདུན་དང་འཚམ་པར་བྱས་ཏེ། རྒྱུན་མཐུད་ཀྱི་ཞི་བདེ་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།