ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་དབྱིན་ཇིའི་དངུལ་ལོར་སྐབས་དོན་ཚགས་པར་ཀྱི་དྲ་ཚིགས་སྟེང་ཚེས14ཉིན་བཀོད་པའི་ཆེད་དོན་བཅར་འདྲིའི་ནང་བསྟན་དོན། ཡོ་རོབ་གླིང་གིས་རང་སྟེང་གི་འགོག་སྲུང་དང་དཔལ་འབྱོར་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་ཕྱི་ཕྱོགས་ལ་བརྟེན་པའི་སྣང་ཚུལ་ལས་ཐར་བར་བྱེད་དགོས་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡང་བསྐྱར་ཕོ་བྲང་དཀར་པོའི་བདག་པོར་གྱུར་བ་དེ་ནི་ཡོ་རོབ་གླིང་གི་ཐོག་ཞགས་ཐེངས་ཤིག་ཡིན་པ་དང་། ཐི་ལིང་ཕུའུ་ཡི་ཕྱི་ཕྱོགས་སྲིད་ཇུས་རེ་འགའི་རྣམ་འགྱུར་ལས་འཛམ་གླིང་དེ་ཐལ་དྲགས་པའི་འཐབ་ཇུས་ངེས་གཏན་མེད་པའི་གནས་སུ་ལྷུང་བ་བདེན་དཔང་བྱས་ཡོད་པ་དང་། ཡོ་རོབ་གླིང་གིས་ངེས་པར་དུ་འཐབ་ཇུས་རྟོགས་སད་ཡོངས་འགྲུབ་བྱས་ནས་འཐབ་ཇུས་ལ་བརྟེན་པའི་སྣང་ཚུལ་མེད་པར་གཏོང་དགོས་ཟེར།
མཱ་ཁི་ལུང་གིས་བཤད་རྒྱུར། ཡོ་རོབ་གླིང་གིས་རང་སྟེང་གི་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། ཨ་མེ་རི་ཁའི་མཚོན་ཆར་བརྟེན་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ་དང་། ཡོ་རོབ་གླིང་ས་ཁུལ་རང་ནས་ཐོན་སྐྱེད་བྱས་པའི་མཚོན་ཆ་ཉོ་བསྡུ་བྱེད་དགོས་ཟེར། དེའི་ཞོར་དུ་ཡོ་རོབ་གླིང་གིས་ལྟ་རྟོག་དོ་དམ་དང་འབྲེལ་ཡོད་ཀྱི་ནོར་སྲིད་ཚད་བཀག་ཇེ་ལྷོད་དུ་བཏང་སྟེ། ཡོ་རོབ་གླིང་གི་གཅིག་འདྲེས་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཟེར།
ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མོལ་མགོ་རྩོམ་པར་ཡིད་འཐད་བྱུང་བའི་ཐད་ནས་མཱ་ཁི་ལུང་གིས་བཤད་རྒྱུར། དེ་ནི་གྲོས་མོལ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་གོ་སྐབས་ཤིག་ཡིན་པས་ཕྱོགས་སོ་སོས་རང་སྟེང་གི་ནུས་པ་འདོན་དགོས་ཟེར། འབྲེལ་ཡོད་ཀྱི་ས་ཁོངས་དང་བདག་དབང་གནད་དོན་དེ་ཝུའུ་ཁི་ལན་སྒེར་གྱིས་ཐག་གཅོད་བྱེད་དགོས་པ་དང་། བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ་དང་ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་འཛུགས་པའི་ཐད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཁྱད་པར་དུ་ཡོ་རོབ་གླིང་ཟབ་ཞུགས་བྱེད་དགོས་ཟེར།
ཐི་ལིང་ཕུའུ་ཡི་ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་གཏམ་བཤད་ཐད་ནས་མཱ་ཁི་ལུང་གིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་མཐར་སྐྲོད་གཏོང་བ་ནི་ཉེན་ཁ་ཧ་ཅང་ཆེ་བའི་བྱ་སྤྱོད་ཅིག་ཡིན་པ་དང་། ཅཱ་ཧྲ་ས་ཁུལ་གྱི་གནད་དོན་ལ་མཁོ་བ་ནི་ཆབ་སྲིད་ཐག་གཅོད་ཇུས་གཞི་ཡིན་པ་ལས་ས་གནས་ག་གེ་མོའི་ཇུས་གཞི་ཞིག་མིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།