ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧི་ཀི་སེ་སི་ཡིས་ཚེས14ཉིན་ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་ནས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་ཁོངས་གཏོགས་རྒྱལ་ཁབ་དག་གིས་སྔར་ལས་མང་བའི་ནོར་སྲིད་འགན་འཁྲི་ཁུར་དུ་བླངས་ཏེ། རང་སྟེང་གི་བདེ་འཇགས་ལ་འགན་སྲུང་བྱེད་པ་ལས། ཨ་མེ་རི་ཁའི་ཡོ་རོབ་གླིང་གི་དམག་དོན་བཀོད་སྒྲིག་དུས་ནམ་ཡང་གནས་སྲིད་པར་བསམ་བློ་གཏོང་མི་རུང་ཟེར།
ཧི་ཀི་སེ་སི་ཡིས་ཉིན་དེར་ཕོ་ལན་དུ་འཚམས་འདྲི་བྱས་པར་མ་ཟད་ཕོ་ལན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་ཁི་ཞི་ནེ་ཡཱ་ཁི་ཁཱ་མེ་ཧྲི་དང་གྲོས་མོལ་བྱས།
ཧི་ཀི་སེ་སི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨ་མེ་རི་ཁ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཟབ་པ་དང་། ཕོ་ལན་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཤར་སྣེ་འཐབ་ཇུས་ཀྱི་མདུན་གྲལ་གྲོགས་པོ་ཡིན། རང་སྟེང་གི་རྒྱལ་སྲུང་ཐད་མ་དངུལ་ཆེན་པོ་བཏང་ཡོད་པར་མ་ཟད། ཡོ་རོབ་གླིང་སྐམ་ས་ཆེན་མོའི་བདེ་འཇགས་ཐད་བྱས་རྗེས་བཞག་ཡོད་ཟེར།
ཕོ་ལན་གྱི་ད་ལོའི་རྒྱལ་སྲུང་འགྲོ་སོང་དེ་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་ལྔར་ཉེ་བ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་གྲོས་གཞི་བཏོན་པའི་བརྒྱ་ཆའི་གཉིས་ཀྱི་ཚད་གཞི་ལས་རིང་དུ་བརྒལ་ཡོད་པར་དམིགས་ནས། ཧི་ཀི་སེ་སི་ཡིས་ཕོ་ལན་ནི་ཨ་མེ་རི་ཁའི་ཡོ་རོབ་གླིང་གི་མིག་དཔེ་མནའ་མཐུན་གྲོགས་པོ་ཡིན་པར་བཤད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཡོ་རོབ་གླིང་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱལ་སྲུང་ཐད་ཀྱི་འགྲོ་སོང་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཁི་ཞི་ནེ་ཡཱ་ཁི་ཁཱ་མེ་ཧྲི་ཡིས་བཤད་རྒྱུར། ཕོ་ལན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་དེ་ད་ལྟའི་འདི་འདྲའི་སྲ་བརྟན་ཞིག་བྱུང་མྱོང་མེད་པ་དང་། ཕོ་ལན་གྱི་འཐབ་ཇུས་ནི་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་འབྲེལ་ཟམ་ལྟ་བུར་འགྱུར་རྒྱུ་དེ་ཡིན། ཕོ་ལན་དང་ཨ་མེ་རི་ཁས་གྲོས་མཐུན་བཀོད་དེ། མཉམ་འབྲེལ་དངུལ་གཏོང་དང་རྒྱལ་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཐད་ནས་མཉམ་ལས་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།