ཨེ་ཅིབ་དང་མཱ་ལེ་ཞི་ཡཱའི་མགོ་ཁྲིད་པས་ཁ་པར་བརྒྱུད་དེ་ཕཱ་ལེ་སི་ཐན་གྱི་གནས་བབ་ལ་གྲོས་བསྡུར་བྱས།
2025.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས14ཉིན་མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་གྱི་མི་རྣམས་རང་གི་ས་ཁོངས་ནས་མཐར་སྐྲོད་གཏོང་བར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བསྐྱར་སྒྲོག་བྱས།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕཱ་ལེ་སི་ཐན་གྱི་གནས་བབ་ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་སྤྱིའི་བྱ་བར་ཤུགས་སྣོན་བྱས་ཏེ། 1967ལོའི་རྒྱལ་མཚམས་ཀྱི་རྨང་གཞིའི་སྟེང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་པར་འདོད་པ་དང་། དེ་ནི་ས་ཁུལ་དེའི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་ཁག་ཐེག་ཉག་ཅིག་ཡིན་ཟེར།

ཨན་ཝ་ཨར་གྱིས་ཁ་པར་གཏོང་སྐབས་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་པ་དང་། ཁྲག་བཞུར་འཁྲུག་རྩོད་མཚམས་འཇོག་པ། ས་ཁུལ་གྱི་ལྷིང་འཇགས་སླར་གསོ་བྱེད་པ་བཅས་ཀྱི་ཐད་འབད་འབུངས་བྱས་པར་གདེང་འཇོག་ཆེན་པོ་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་དང་དངུལ་གཏོང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འབད་འབུངས་བྱེད་རྒྱུ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།