ཚོགས་ཡུན་ཉིན་གསུམ་ཡིན་པའི་སྐབས་རེ་གཅིག་པའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཚེས14ཉིན་འཇར་མན་གྱི་མུའུ་ནེ་ཧེ་ནས་ཚོགས་མགོ་བརྩམས། གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་པ་གཙོ་གནད་དུ་བཟུང་སྟེ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དང་ནམ་ཟླའི་འགྱུར་ལྡོག རྒྱལ་སྤྱིའི་སྒྲིག་ལམ་གྱི་ད་ལྟའི་གནས་བབ། དེ་མིན་ས་ཁུལ་གྱི་འཁྲུག་རྩོད་དང་ཉམས་ཉེན་སོགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།
མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཁི་ལི་སི་ཐའོ་ཧྥུའུ་ཧའོ་དབྱེ་སི་ཀིན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། དེང་སྐབས་འཛམ་གླིང་ཀྱི་འཁྲུག་རྩོད་དེ་རྒྱུན་མཐུད་ངང་འབྱུང་བཞིན་ཡོད་ཅིང་། གནད་དོན་མང་བོ་ཞིག་འཛམ་གླིང་ཡོངས་ཀྱིས་མཉམ་དུ་ཐག་གཅོད་བྱེད་དགོས་ཟེར། མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་གྲོས་མོལ་ལ་བརྟེན་ནས་ཞི་བདེ་མངོན་འགྱུར་བྱེད་པ་དེ་ཡིན་ལ། སྐབས་འདིའི་གྲོས་ཚོགས་ནས་ཐུན་མོང་ལྟ་ཚུལ་འབྱུང་བར་རེ་བཞིན་ཡོད་ཟེར།
མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་གཙོ་སྒྲུབ་ཕྱོགས་ཁག་གིས་ཉེ་སྔོན་འཇར་མན་གྱི་པའོ་ལིན་ནས2025ལོའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཀྱི་སྙན་ཞུ་སྤེལ་ཏེ། སྣེ་མང་ཅན་དེ་སྙན་ཞུའི་བརྗོད་དོན་དུ་གཏན་འཁེལ་བྱས་པ་དང་། གཙོ་བོ་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་ཕྱོགས་དང་དེའི་མདུན་དུ་ལྷགས་པའི་གནད་དོན་དང་འགྲན་རྩོད་ལ་དོ་སྣང་བྱས་ཡོད་ཟེར།
སྙན་ཞུ་ལས་བལྟས་ན། ཕྱོགས་སོ་སོའི་བར་དེང་སྐབས་འཛམ་གླིང་གི་སྣེ་མང་ཅན་གྱི་ཚད་ལ་རྩོད་གླེང་གནས་ཡོད་ཀྱང་། འཛམ་གླིང་སྣེ་མང་ཅན་དེ་དོན་དངོས་སུ་གྲུབ་ཡོད་པར་འདོད། མི་མང་བོས་འཕེལ་ཕྱོགས་དེ་ལས་དཀྱེལ་ཡངས་རང་བཞིན་གྱི་འཛམ་གླིང་བཅོས་སྐྱོང་དང་རྒྱལ་ཁབ་ཁེར་མོའི་སྟོབས་ཤུགས་ལྷག་ཏུ་ཇེ་ཆེར་འགྲོ་བའི་ཐད་ཚད་བཀག་ཐེབས་སྲིད་པར་འདོད་ལ། སྣེ་མང་ཅན་གྱི་འཛམ་གླིང་ཞིག་གིས་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།