ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་མྱུར་མོར་འགན་སྲུང་དངོས་སུ་ཡོད་པའི་ཞི་བདེའི་ཕྱོགས་སུ་བསྐྱོད་འདོད་ཡོད་པའི་ཚུལ་བསྟན།
2025.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས14ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་མྱུར་མོར་འགན་སྲུང་ཡོད་པའི་ཞི་བདེའི་ཕྱོགས་སུ་བསྐྱོད་འདོད་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཁོས་ཉིན་དེར་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཝན་སི་དང་མཉམ་དུ་འཇར་མན་གྱི་མུའུ་ནེ་ཧེ་ནས་གྲོས་མོལ་བྱས་པ་དང་། གནད་འགག་གི་གནད་དོན་མང་བོར་གྲོས་བསྡུར་བྱས། ཝུའུ་ཁི་ལན་ཕྱོགས་འགན་སྲུང་དངོས་སུ་ཡོད་པའི་ཞི་བདེའི་ཕྱོགས་སུ་བསྐྱོད་འདོད་ཡོད་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱིས་འཐབ་འཁྲུག་མཚམས་འཇོག་པར་རོགས་རམ་བྱས་ཏེ་ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་ཐུབ་པར་རེ་བཞིན་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་ད་རུང་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་སྲིད་གཞུང་གི་ཝུའུ་ཁི་ལན་དང་ཨུ་རུ་སིའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཅི་སི་ཁའེ་ལོ་ཀི་ཡིས་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་ཏེ། ས་དེའི་གནས་བབ་ལ་དཔྱད་འཇོག་ཟབ་མོ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

གཞན་ཡང་ཝུའུ་ཁི་ལན་རྒྱལ་སྤྱིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝན་སི་ཡིས་ཙེ་ལིན་སི་ཅི་དང་གྲོས་མོལ་བྱས་རྗེས་སྨྱན་བྱད་ལ་བསྟན་དོན། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བ་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པར་རེ་བཞིན་ཡོད་ལ། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་མ་འོངས་པའི་དུས་ཚོད་ངེས་ཅན་ནང་གྲོས་མོལ་སྔར་ལས་མང་བོ་བྱེད་སྲིད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།