སྐབས་སོ་བརྒྱད་པའི་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ཚོགས་མགོ་བརྩམས།
2025.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྐབས་སོ་བརྒྱད་པའི་ཨ་ཧྥེ་རི་ཁ་གླིང་གི་མཐོ་རིམ་གྲོས་ཚོགས་ཚེས15ཉིན་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཡཱ་ཏི་སི་ཡཱ་པེ་པཱ་རུ་ཡོད་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས།

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་སྐྱིན་ཚབ་ལ་བརྟེན་ནས་ཨ་ཧྥེ་རི་ཁ་གླིང་གི་མི་དང་ཨ་ཧྥེ་རི་ཁ་གླིང་གི་མི་རྒྱུད་ལ་དྲང་བདེན་བརྩོན་ལེན་བྱེད་དགོས་ཞེས་པ་དེ་རེད། ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་གཉིས་ཀྱིས་བསྟན་དོན། ཨ་ཧྥེ་ར་ཁ་གླིང་གི་མིར་ལོ་རྒྱུས་སྟེང་མི་སེར་སྤེལ་བའི་རིང་ལུགས་དང་བྲན་གཡོག་ལམ་ལུགས། རིགས་རྒྱུད་ལོགས་བཀར་དང་མཐོང་ཆུང་སོགས་འདྲ་མཉམ་མིན་པའི་གནས་ཚུལ་བྱུང་ཡོད། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་གཙོ་བོ་ཇི་ལྟར་ལོ་རྒྱུས་ཀྱི་འདྲ་མཉམ་མིན་པའི་སྣང་ཚུལ་ཡོ་བསྲང་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། དེ་ཨ་ཧྥེ་རི་ཁ་གླིང་གི་སྐམ་ས་ཆེན་མོ་དང་ཨ་ཧྥེ་རི་ཁ་གླིང་གི་མིའི་འཕེལ་རྒྱས་ལ་གལ་འགངས་ཧ་ཅང་ཆེ་ཟེར།

དེ་ལས་གཞན་མཐོ་རིམ་གྲོས་ཚོགས་ནས་ད་རུང་ཨ་ཧྥེ་རི་ཁ་གླིང་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་། ཞི་བདེ་དང་བདེ་འཇགས། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་དབང་ཉོ་ཚོང་ས་ཁུལ་སོགས་འབྲེལ་ཡོད་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།

མཐོ་རིམ་གྲོས་ཚོགས་ནས་ད་རུང་སྐབས་གསར་བའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། ཨུ་ཡོན་དྲུག་བཅས་འདེམ་བསྐོ་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།