ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བཏང་སྟེ་དུས་བཅད་ལྟར་འབྲེལ་འདྲིས་བྱེད་པར་ཡིད་འཐད་བྱུང་།
2025.02.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས15ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་དུས་བཅད་ལྟར་འབྲེལ་འདྲིས་བྱས་ནས། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ལ་གྲ་སྒྲིག་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ཨ་མེ་རི་ཁས་སྤེལ་བ་དང་། ཟླ་འདིའི་ཚེས12ཉིན་ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་གཙོས་ཁ་པར་གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་སྡེ་ཁག་གི་འགན་ཁུར་བས་འབྲེལ་འདྲིས་སྲུང་འཛིན་བྱས་ཏེ་ཨུ་རུ་སི་དང་ཨ་མེ་མེ་རི་ཁའི་འབྲེལ་བའི་ཁྲོད་བསགས་པའི་གནད་དོན་ཐག་གཅོད་བྱེད་པར་གཅིག་གྱུར་ཡིད་འཐད་བྱུང་བ་རེད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་མཛུབ་སྟོན་གཞིར་བཟུང་སྟེ། ཕན་ཚུན་བརྩི་འཇོག་བྱེད་པའི་རྒྱལ་ཁབ་བར་གྱི་གྲོས་མོལ་སླར་གསོ་བྱེད་པ་དང་། དུས་བཅད་ལྟར་འབྲེལ་འདྲིས་བྱེད་པ་སྲུང་འཛིན་བྱས་ནས་ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ལ་གྲ་སྒྲིག་བྱེད་རྒྱུའི་ཚུལ་བསྟན།

ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་སོགས་རྒྱལ་སྤྱིའི་གནད་དོན་ཐད་ནས་མཉམ་ལས་བྱེད་པར་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན་པ་དང་། ཅང་མ་འགོར་བའི་རྗེས་སུ་ཆེད་མཁས་པའི་གྲོས་ཚོགས་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱི་སྡོད་ལས་ཁུངས་ཀྱི་བྱ་བའི་ཐད་གནས་པའི་བཀག་རྒྱ་ཐག་གཅོད་བྱེད་པར་འཐད་པ་བྱུང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།