སྐབས་རེ་གཅིག་པའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་གྲོལ།
2025.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚོགས་ཡུན་ཉིན་གསུམ་ཡིན་པའི་སྐབས་རེ་གཅིག་པའི་མུའུ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ཚེས16ཉིན་གྲོལ། གྲོས་ཚོགས་སྐབས་སུ་ཕྱོགས་སོ་སོས་ཡོ་རོབ་གླིང་གི་བདེ་འཇགས་དང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད། དབུས་ཤར་གྱི་ཞི་བདེ་སོགས་འཛམ་གླིང་ཡོངས་ཀྱི་བདེ་འཇགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཚོགས་ཞུགས་ཕྱོགས་ཁག་སོ་སོའི་བར་གནད་དོན་མང་བོའི་ཐད་སྔར་བཞིན་འགལ་བ་གནས་ཡོད་པ་དང་། བདེ་འཇགས་གྲོས་གཞི་དེ་སྔར་བཞིན་ཕྱོགས་སོ་སོས་དོ་སྣང་བྱེད་པའི་གཙོ་གནད་དུ་གྱུར་ཡོད།

གྲོས་ཚོགས་ཀྱི་སྔོན་ལ་ཆེས་དོ་སྣང་བྱེད་པའི་གླེང་གཞི་ཞིག་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་མདུན་ལྗོངས་རེད། ཉེ་སྔོན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་སྔ་གཞུག་ཏུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཝུའུ་ཁི་ལན་གྱི་ཙུང་ལི་ཙེ་ལིན་སི་ཅི་ལ་ཁ་པར་བཏང་། ཐི་ལིང་ཕུའུ་ཡིས་དེའི་རྗེས་སུ་བསྟན་དོན། ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་ཐད་ནས་མཉམ་ལས་དམ་ཟབ་བྱེད་པར་འཐད་པ་བྱུང་ཡོད་པར་མ་ཟད། རང་རང་གི་འཐུས་ཚབ་ཚོགས་པ་མངག་གཏོང་བྱས་ཏེ་མྱུར་མོར་གྲོས་མོལ་བྱེད་མགོ་བརྩམས། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་གྲོས་མོལ་བྱེད་སྲིད་པ་དེས་ཡོ་རོབ་གླིང་གིས་རང་ཉིད་ཝུའུ་ཁི་ལན་གྱི་ཞི་བདེའི་འཕེལ་རིམ་ལས་ཕྱིར་དེད་པར་སེམས་ཁུར་བྱེད་བཞིན་ཡོད། སྣང་ཚུལ་དེ་གྲོས་ཚོགས་སྐབས་སུ་ཡོ་རོབ་གླིང་གི་ཕྱོགས་སོ་སོས་ཡང་དང་བསྐྱར་དུ་གླེང་བཞིན་ཡོད།

གྲོས་ཚོགས་སྐབས་སུ། ཚོགས་ཞུགས་ཕྱོགས་ཁག་མང་བོ་ཧ་ལས་པར་བྱས་པ་ནི་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཝན་སི་ཡིས་ཡོ་རོབ་གླིང་གི་དམངས་གཙོ་དང་གནས་སྤོར་སྡོད་དམངས་སོགས་གནད་དོན་ལ་སྐྱོན་བརྗོད་བྱས་པའི་གཏམ་བཤད་དེ་ཡིན་པ་དང་། ཡོ་རོབ་གླིང་གི་ཆེས་ཆེ་བའི་འཇིགས་ཉེན་ནི་ཡོ་རོབ་གླིང་ནང་ཁུལ་ནས་ཡོང་བ་ཡིན་པའི་ཚུལ་བསྟན་ནས། མིག་སྔའི་ཡོ་རོབ་གླིང་གི་རིན་ཐང་ལྟ་བ་དེར་ཨ་མེ་རི་ཁས་སྲུང་སྐྱོབ་བྱེད་པའི་རིན་ཐང་ཡོད་མེད་ཐད་ནས་མངོན་གསལ་གྱིས་དོགས་པ་ཡོད་པའི་ཚུལ་བསྟན། ཝན་སི་ཡི་གཏམ་བཤད་དེར་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་ཆབ་སྲིད་མགོ་ཁྲིད་པའི་རྒོལ་གཏམ་ཐེབས་ཡོད། ཚོགས་ཞུགས་མཁན་རེ་འགས་བལྟས་ན། ཨ་མེ་རི་ཁའི་སྲིད་གཞུང་གསར་བས་འགན་ཁུར་བའི་ཚུན་ལ་གཏན་འཇགས་མིན་པའི་རང་བཞིན་ཇེ་ཆེར་སོང་ནས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་འབྲེལ་བར་གཏོར་བརླག་ཐེབས་ཡོད་པ་དང་། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་བར་ཁྱད་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཨ་མེ་རི་ཁ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱི་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་དང་དམངས་གཙོའི་ངོ་བོའི་ཐད་འགལ་བ་ཚབས་ཆེན་གནས་ཡོད་པར་འདོད།

དེ་ལས་གཞན་ཐེངས་འདིའི་གྲོས་ཚོགས་ནས་ད་རུང་ཨ་ཧྥུའུ་ཧན་དང་སུའུ་ཏན་སོགས་ས་ཁུལ་གྱི་བདེ་འཇགས་གནས་བབ་དང་། དེ་མིན་ནམ་ཟླའི་འགྱུར་ལྡོག་དང་མིས་བཟོས་རིག་ནུས། འབྲུ་རིགས་བདེ་འཇགས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།