ཨ་རབ་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས16ཉིན་ཐུ་ནི་ཞི་ཡཱ་ནས་གྲོས་ཚོགས་བསྡུས་ཏེ། ཆ་འཕྲིན་ལག་རྩལ་གྱི་ནག་ཉེས་དང་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་དང་། འཇིགས་སྐུལ་ངོ་རྒོལ་གྱི་མཉམ་ལས་སྤེལ་བ་སོགས་གྲོས་གཞིར་གྲོས་བསྡུར་བྱས།
ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཀྲང་ནོའུ་ལི་ཡིས་ཉིན་དེའི་གྲོས་ཚོགས་སྟེང་བསྟན་དོན། ཨ་རབ་རྒྱལ་ཁབ་དག་སྔར་ལས་ཚབས་ཆེ་བའི་དྲ་རྒྱའི་ཆ་འཕྲིན་ནག་ཉེས་དང་དུག་རྫས་ལྐོག་འཚོང་། དེ་མིན་འཇིགས་སྐུལ་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་ལྐོག་འབྲོའི་བྱ་འགུལ་སོགས་ལ་འཕྲད་ཡོད་པས། རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་གནད་དོན་དེ་ཐག་ཐག་གཅོད་བྱེད་པར་ཤུགས་སྣོན་དགོས། ཁྱད་པར་དུ་དྲ་རྒྱའི་ཆ་འཕྲིན་ནག་ཉེས་ཀྱི་ས་ཁུལ་དེའི་གནོད་འཚེ་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པས། ངེས་པར་དུ་འཐབ་ཇུས་རང་བཞིན་གྱི་མཉམ་ལས་འཆར་གཞི་གཏན་འབེབས་བྱེད་དགོས་ཟེར།
ཨ་རབ་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཁི་མན་གྱིས་བཤད་རྒྱུར། ལས་འཛིན་ལྷན་ཚོགས་དེས་མི་འགྱངས་པར་རང་འགུལ་ཅན་གྱི་ཉེས་དོན་ཞུ་གཏུག་མ་ལག་ཅིག་འདོན་རྒྱུ་ཡིན་པ་དང་། མ་ལག་དེས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་སྤྱོད་གཞི་གྲངས་མཛོད་ལ་ལྟ་བཤེར་བྱས་ཆོག་པ་དང་དོགས་ཡོད་ཉེས་ཅན་གྱི་གནས་སྐབས་བཀག་སྐྱིལ་རེ་ཞུ་ཐག་གཅོད་བྱས་ཆོག་པ་རེད།
ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། ཨ་རབ་རྒྱལ་ཁབ་དག་གི་ནང་སྲིད་པུའུ་ཀྲང་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་སོགས་རྩ་འཛུགས་ཀྱི་འཐུས་མི་ཚོགས་འདུར་ཞུགས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།