དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས16ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་དབྱི་སི་རལ་གྱི་གྲོས་མོལ་ཚན་ཆུང་ཚེས17ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་རུ་སོང་ནས། མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པའི་དུས་རིམ་དང་པོའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུའི་མཛུབ་སྟོན་བྱས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་ནི་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་མཐུན་སྦྱོར་བྱས་ཏེ་བཏོན་པ་ཡིན་ཞིང་། དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་ཚེས17ཉིན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཀྱི་དུས་རིམ་གཉིས་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། དབྱི་སི་རལ་ཕྱོགས་ཀྱི་གྲོས་མོལ་ཚན་ཆུང་ལ་དབྱི་སི་རལ་གྱི་བདེ་འཇགས་ནེ་ཀི་ཡིས་གྲོས་བསྡུར་བྱས་རྗེས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་མཛུབ་སྟོན་འཆར་འགོད་འབྱོར་སྲིད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།