ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱས།
2025.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གྲོས་འདོན་བྱས་འོག ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་ཚེས17ཉིན་ཧྥ་རན་སིའི་རྒྱལ་ས་ཕཱ་རེ་སི་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་དང་ཡོ་རོབ་གླིང་གི་ཐུན་མོང་བདེ་འཇགས་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།

ཉིན་དེར་གྲོས་ཚོགས་ལ་ཞུགས་མཁན་ལ་ཧྥ་རན་སི་དང་འཇར་མན། དབྱིན་ཇི། དབྱི་ཐཱ་ལེ། ཕོ་ལན་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་། དེ་མིན་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་གཀྱི་ཀྲུའུ་ཞི་ཁི་སི་ཐཱ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་སོགས་འདུས། གྲོས་ཚོགས་དེ་དུས་ཚོད་གསུམ་ཙམ་འགོར་བ་དང་། ཧྥུན་ཏི་ལའེ་ཨིན་གྱིས་ཚོགས་འདུ་གྲོལ་རྗེས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཞི་བདེ་འབྱུང་དགོས་ན་ཝུའུ་ཁི་ལན་གྱི་སྒེར་ཚུགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་བརྩི་འཇོག་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྟོབས་དང་ལྡན་པའི་བདེ་འཇགས་འགན་སྲུང་བྱེད་དགོས། ཡོ་རོབ་གླིང་གིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཞོར་དུ་ཡོ་རོབ་གླིང་གི་འགོག་སྲུང་ལའང་ཤུགས་སྣོན་བྱེད་དགོས་ཟེར།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེའི་གྲོས་ཚོགས་ཀྱི་ཆེས་ཆེ་བའི་འགལ་བ་ནི་ཞི་བདེ་སྲུང་སྐྱོང་གི་སྒྲོམ་གཞིའི་འོག་ཝུའུ་ཁི་ལན་ལ་དམག་དཔུང་མངག་གཏོང་བྱེད་མིན་དེ་ཡིན་པ་དང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་བསྟན་དོན། དབྱིན་ཇི་ཡིས་དགོས་མཁོ་ཡོད་དུས་ས་ངོས་དམག་དཔུང་མངག་གཏོང་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། འཇར་མན་དང་སི་ཕེན་གྱིས་དེར་ངོ་རྒོལ་བྱེད་པའི་ཚུལ་བསྟན། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚོགས་འདུ་གྲོལ་རྗེས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ད་ལྟའི་དུས་རིམ་ནང་གནད་དོན་དེར་གྲོས་བསྡུར་བྱས་ན་ཅུང་སྔ་དྲགས་པ་དང་། ཁོས་ཝུའུ་ཁི་ལན་ལ་བཙན་ཤེད་རང་བཞིན་གྱི་ཞི་བདེ་ལག་བསྟར་བྱེད་པར་རེ་བཞིན་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།