ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་ཡིས་ཚེས17ཉིན་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བར་ཕན་པའི་བྱ་བ་གང་ཡིན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མུའུ་ཧན་མའོ་ཏི་ཡིས་ཉིན་དེར་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བརྗེ་རེས་ཟབ་མོ་བྱས། མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བའི་ཐབས་ལ་བརྟེན་ནས་འཁྲུག་རྩོད་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་ལ། ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བར་ཕན་པའི་བྱ་བ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། མུ་མཐུད་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྤེལ་ནས་འཁྲུག་རྩོད་ལས་བྱུང་བའི་ཤུགས་རྐྱེན་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར།
མུའུ་ཧན་མའོ་ཏི་ཡིས་ད་རུང་བསྟན་དོན། གཏན་འཇགས་ཀྱི་ཁོར་ཡུག་ནི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྔོན་འགྲོ་ཡིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་དཔལ་འབྱོར་དང་དངུལ་གཏོང་། རྒྱུན་མཐུད་འཕེལ་རྒྱས། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས། འབྲུ་རིགས་བདེ་འཇགས་སོགས་ཁྱབ་ཁོངས་སུ་ཕན་ནུས་ལྡན་པའི་རྒྱལ་སྤྱིའི་གྲོགས་པོའི་འབྲེལ་བ་འཛུགས་པར་འབད་འབུངས་བྱས་ཏེ། ཐུན་མོང་གོང་འཕེལ་དང་དར་རྒྱས་མངོན་འགྱུར་བྱེད་བཞིན་ཡོད་ཟེར།
ཙེ་ལིན་སི་ཅི་ཡིས་བསྟན་དོན། ཝུའུ་ཁི་ལན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་བར་ཁྱབ་ཁོངས་མང་བོར་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་ནན་བཤད་བྱས། ཛཁོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་དང་ཨུ་རུ་སིའི་བཟུང་དམག་བརྗེ་སྤོར་ལ་སྐུལ་འདེད་གཏོང་བའི་ཐད་བྱ་བ་མང་བོ་བསྒྲུབས་པ་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཁྲོད་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས།
གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་མཉམ་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཝུའུ་ཁི་ལན་གྱི་ཕྱོགས་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།