དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ནས་ཧཱ་མཱ་སིའི་མཐོ་རིམ་དཔོན་པོ་བསད་པ་བདེན་དཔང་བྱས།
2025.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས17ཉིན་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཞི་ཏོན་ས་ཁུལ་དུ་སྤེལ་བའི་བར་སྣང་འཇབ་རྒོལ་ཁྲོད། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འགུལ་སྐྱོད་སྡེ་ཁག་གི་ལེ་པཱ་ནུན་གྱི་འགན་ཁུར་བ་མུའུ་ཧན་མའོ་ཏི་ཧྲ་ཞིན་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཧྲ་ཞིན་ནི་ཧཱ་མཱ་སིའི་གསང་འཕྲིན་མི་སྣ་གལ་ཆེན་ཞིག་ཡིན་པ་དང་། སྔོན་ཆད་ཐེངས་མང་བོར་དབྱི་སི་རལ་ལ་དམིགས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་འཆར་འགོད་བྱས་ཏེ་ལག་བསྟར་བྱས་མྱོང་ཟེར།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་རུལ་སུངས་ལ་འབྲེལ་བའི་གྱོད་དོན་ཞིག་ལ་འདྲི་གཅོད་བྱེད་སྐབས་དུས་ཡུན་ཐུང་ངུའི་ནང་ཁྲིམས་ར་དང་བྲལ་ནས། བདེ་འཇགས་གྲོས་མོལ་བྱས་པ་དང་སྐར་མ་ཉི་ཤུའི་རྗེས་སུ་ཁྲིམས་རའི་ཡུལ་དངོས་སུ་ཕྱིར་ལོག་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།