ཞིན་ཧྭ་འཕྲིན་གཏོང་ཁང་དང་འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་འཇར་པན་གྱི་སྨྱན་བྱད་རིག་མཛོད་ཀྱི་མི་གཞུང་གྲོས་མོལ་བརྗེ་རེས་ཚོགས་འདུ་ཚེས18ཉིན་འཇར་པན་གྱི་ཏུང་ཅིན་ནས་བསྡུས། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་དང་རིག་མཛོད་ཀྱི་འཐུས་མི། མཛའ་མཐུན་མི་སྣ་སོགས་མི160ཙམ་གྲོས་ཚོགས་ལ་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་མགོ་བ་ཧྥུའུ་ཧྭ་ཡིས་ཚོགས་ཐོག་ནས་གཏམ་བཤད་གལ་ཆེན་སྤེལ་ཏེ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་རི་ཆུ་འབྲེལ་ཅིང་། རིག་གནས་གཅིག་མཐུན་ཡིན་ལ། ལོ་རྒྱུས་མི་གཞུང་གི་འབྲེལ་བ་ཟབ་མོ་ཡོད། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་ལ་དུས་རབས་གསར་བར་ཕན་འབྲས་ཆེན་པོ་ཡོད། རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་རིག་མཛོད་ལས་རིགས་ཀྱིས་སྔར་སོང་རྗེས་མཐུད་དང་འགན་འཁྲི་ཁག་ཁུར་ཡོད་པའི་སྒོ་ནས་ལག་རྡང་སྦྲེལ་ཏེ། ཞི་བདེ་མཉམ་གནས་ཀྱི་འདུ་ཤེས་དྲིལ་སྒྲོག་དང་དུས་རབས་མཛའ་མཐུན་གྱི་འབྲེལ་ཟམ་རྒྱ་བསྐྱེད་པ། གཉིས་ཕན་མཉམ་ལས་ཀྱི་འབྲེལ་ཐག་དམ་དུ་སྦྲེལ་བ། ཐུན་མོང་འཕེལ་རྒྱས་ཀྱི་སྐད་གདངས་ཇེ་མཐོར་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས། མ་འོངས་པར་ཁ་ཕྱོགས་ན་ཞིན་ཧྭ་གསར་འགྱུར་ཁང་གིས་ཀྲུང་གོ་དང་འཇར་པན་གྱི་སྨྱན་བྱད་རིག་མཛོད་ཀྱི་རྣམ་པ་ཚོ་དང་མཉམ་དུ། ཀྲུང་གོ་དང་འཇར་པན་གྱི་ཡིད་ཆེས་མཉམ་ལས་ལ་སྐུལ་འདེད་བཏང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་གཅིག་ལ་གཅིག་མཐུན་བྱེད་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་འབྲི་འདོད་ཡོད་ཟེར།
འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུའུ་ཅང་ཧའོ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མིག་སྔར་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་དེ་འཕེལ་རྒྱས་ལེགས་བཅོས་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་འབྲེལ་འདྲིས་སྔར་ལས་ཇེ་མང་དུ་སོང་ཡོད་ལ། དེའི་ཞོར་དུ་ལེགས་བཅོས་དང་དོ་དམ་ཚོད་འཛིན་དང་ཐག་གཅོད་བྱེད་དགོས་པའི་འགལ་བ་ཚབས་ཆེན་གནས་ཡོད། ན་ནིང་ཟླ12པར། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་པེ་ཅིང་ནས་ཀྲུང་གོ་དང་འཇར་པན་གྱི་མཐོ་རིམ་མི་གཞུང་བརྗེ་རེས་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། སྨྱན་བྱད་དང་རིག་མཛོད། ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་འཆར་འགོད་བྱས། ཐེངས་འདིའི་གྲོས་མོལ་བརྗེ་རེས་ཚོགས་འདུ་ནི་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་ཐུན་མོང་ལྟ་ཚུལ་དང་ཀྲུང་གོ་དང་འཇར་པན་གྱི་མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་འགྲོ་འོང་མཉམ་ལས་ཐད་སྒུལ་ཤུགས་གསར་བ་འདོན་སྤྲོད་བྱེད་པར་ཡིད་ཆེས་ཡོད་ཟེར།
ཀྲུང་གོ་དང་འཇར་པན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡེ་ཐེན་དབྱེ་དང་ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱི་ལས་འཛིན་པ་ཅིན་ཐིན་ཀྲོ་དབྱེ། ཏུང་ཅིན་རྒྱང་སྒྲོག་ཀུང་ཟིའི་ཏུང་ཧྲི་ཀྲང་ཙོ་ཙོ་མུའུ་ཀྲའོ་སོགས་འཇར་པན་ཕྱོགས་ཀྱི་སྐུ་མགྲོན་དག་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་གནས་བབ་འོག ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོས་མོལ་དང་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྨྱན་བྱད་རིག་མཛོད་ཀྱིས་ཕན་ཚུན་རྒྱུས་ལོན་དང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་ཐད་གལ་འགངས་ཆེ་བའི་ནུས་པ་འདོན་དགོས། ཐེངས་དའིའི་གྲོས་མོལ་བརྗེ་རེས་ཚོགས་འདུ་གོ་སྐབས་སུ་བྱས་ཏེ། འཇར་པན་དང་ཀྲུང་གོའི་སྨྱན་བྱད་རིག་མཛོད་བར་གྱི་མཉམ་ལས་ཇེ་ཟབ་དང་རྒྱ་བསྐྱེད་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།