རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བ་ཁེ་རོ་ནས་བསྡུས།
2025.02.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཐེངས་བཞི་བ་ཚེས17ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བསྡུས། རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་ཀྱི་འཐུས་མི35གྲོས་ཚོགས་ལ་ཞུགས་པ་དང་། ཕྱོགས་སོ་སོས་གཙོ་བོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པའི་ཐད་བཏོན་པའི་ནུས་པ་དང་དབྱི་སི་རལ་གྱིས་དེར་གནོན་ཤུགས་བྱིན་པའི་ཤུགས་རྐྱེན་སོགས་ལ་གྲོས་བསྡུར་བྱས།

ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོའམ་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དུ་སྡོད་པའི་འཐུས་མི་ལེའོ་ལི་ཆང་གིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་མུ་མཐུད་དུ་ལག་བསྟར་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། ཅཱ་ཧྲ་ས་ཁུལ་ནི་ཕཱ་ལེ་སི་ཐན་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པས། ཅཱ་ཧྲ་ས་ཁུལ་གྱི་མ་འོངས་པའི་བཀོད་སྒྲིག་ཐད་ནས་ཕཱ་ལེ་སི་ཐན་གྱི་མིའི་འདོད་བློར་བརྩི་འཇོག་བྱེད་དགོས་ལ། རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་བརྩི་སྲུང་བྱས་ནས། རྒྱལ་ཁབ་ཀྱི་ལུགས་མཐུན་སེམས་ཁུར་ལ་ཉན་དགོས་ཟེར།

ལེའོ་ལི་ཆང་གིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡིས་ཅཱ་ཧྲའི་འཐབ་འཁྲུག་རྗེས་ཀྱི་བཅོས་སྐྱོང་དང་བསྐྱར་འཛུགས་ཁྲོད་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་ཅིང་། དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་བྱ་བར་ཆེད་དམིགས་དང་ཚད་བཀག  བར་ཆད་བཅས་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་ཕཱ་ལེ་སི་ཐན་གྱི་གནད་དོན་ཆབ་སྲིད་ལྟར་ཐག་གཅོད་བྱེད་པར་ཕན་ཐོགས་མེད་ལ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཡང་དང་བསྐྱར་དུ་འབྱུང་བའི་སྣང་ཚུལ་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པའི་རྒྱལ་སྤྱིའི་མནའ་འབྲེལ་སོགས་ཀྱི་སྟེགས་བུ་བརྒྱུད་དེ་ཐུན་མོང་གི་ལྟ་ཚུལ་སྔར་ལས་མང་བོ་གཅིག་བསྡུ་བྱས་ཏེ། ཕཱ་ལེ་སི་ཐན་གྱི་གནད་དོན་དེ་སྔ་མོ་ནས་ཕྱོགས་ཡོངས་ནས་དྲང་བདེན་གྱིས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། ཨེ་ཅིབ་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་པ་དང་། 1967ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པ་ནི་ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར།

དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་ཀྲུའུ་རིན་ཆེད་དོན་པ་ལཱ་ཀྲ་ལི་ནེ་ཡིས་བཤད་རྒྱུར། དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡིས་འཁྲུག་རྩོད་མཚམས་འཇོག་པ་དང་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་གཞི་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཐད་གནད་འགག་གི་ནུས་པ་ཐོན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྲེལ་མྱུར་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་བ་ཚབ་མ། ཅཱ་ཧྲའི་མི་ཆོས་རིང་ལུགས་དང་བསྐྱར་འཛུགས་ཀྱི་མཐོ་རིམ་མཐུན་སྦྱོར་བ་ཁཱ་ཀི་ཡིས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་གྱི་གནད་དོན་ཐད་ནས་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འགོད་པར་གལ་འགངས་ཧ་ཅང་ཆེ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།