ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་གྱི་བདེ་འཇགས་ལ་འགན་སྲུང་ཐོབ་ནས་ད་ལོར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་རེ་བཞིན་ཡོད་པའི་ཚུལ་བསྟན།
2025.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་གློག་འཕྲིན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས19ཉིན་བསྟན་དོན། ཝུའུ་ཁི་ལན་གྱིས་ད་ལོར་བདེ་འཇགས་འགན་སྲུང་ཐོབ་ནས་འཐབ་འཁྲུག་མཇུག་སྒྲིལ་བར་རེ་བཞིན་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། བདེ་འཇགས་འགན་སྲུང་དེ་བྱང་ཆིངས་རྩ་འཛུགས་ཀྱི་གྲོགས་པོ་དང་ཨ་མེ་རི་ཁ། དེ་མིན་ཝུའུ་ཁི་ལན་གྱི་གྲོང་ཁྱེར་དང་མཐའ་མཚམས། ཝུའུ་ཁི་ལན་དང་ཨུ་རུ་སིའི་འབྲེལ་མཚམས་ས་ཁུལ་བཅས་སུ་དམག་དཔུང་མངག་གཏོང་བྱེད་འདོད་ཡོད་པའི་རྒྱལ་ཁབ་དག་ལ་བརྟེན་དགོས་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་ལན་ཨུ་རུ་སིའི་བདེ་འཇགས་འགན་སྲུང་མི་དགོས་པ་དང་། མིག་སྔར་ཝུའུ་ཁི་ལན་དང་མནའ་མཐུན་གྲོགས་པོའི་བར་ཨུ་རུ་སིའི་གྲོས་མོལ་ཆ་རྐྱེན་གྱི་གནད་དོན་དེར་གྲོས་འཆམ་བྱུང་མེད་ཟེར།

ཨ་མེ་རི་ཁའི་མིག་སྔར་ཝུའུ་ཁི་ལན་སྤྲད་པའི་གཏེར་ཐོན་གྲོས་མཐུན་ཇུས་གཞིའི་ཐད་ནས་ཙེ་ལིན་སི་ཅི་ཡིས་བལྟས་ན། ཨ་མེ་རི་ཁ་ཕྱོགས་ཀྱི་མིག་སྔའི་ཇུས་གཞི་མངོན་གསལ་མིན་པ་དང་། མངོན་གསལ་ཡིན་པ་གཅིག་ནི་ཝུའུ་ཁི་ལན་གྱིས་ངེས་པར་དུ་བརྒྱ་ཆའི་ལྔ་བཅུའི་གཏེར་ཁའི་ཐོན་ཁུངས་སྤྲོད་དགོས་པ་དེ་རེད་ཟེར། ཁོས་ཨ་མེ་རི་ཁ་ཕྱོགས་ཀྱིས་བདེ་འཇགས་འགན་སྲུང་གི་ནང་དོན་གསལ་བོ་བྱེད་དགོས་པའི་གྲོས་གཞི་བཏོན་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྱང་བཟོད་སྒོམ་བརྗེད་ཐོའི་ནང་ཕར་སྤྲོད་པའི་གཏེར་ཁའི་ཐོན་ཁུངས་ཀྱི་བསྡུར་ཚད་གསལ་བོ་བྱེད་དགོས་ཟེར།

ཨ་མེ་རི་ཁའི་སྲིད་གཞུང་གི་ཝུའུ་ཁི་ལན་དང་ཨུ་རུ་སིའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཁའེ་ལོ་ཀི་ཚེས19ཉིན་ཅི་ཧྥུའུ་རུ་འབྱོར་ནས་ཝུའུ་ཁི་ལན་ལ་འཚམས་འདྲི་བྱེད་མགོ་བརྩམས། དོན་དེའི་ཐད་ནས་ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཁའེ་ལོ་ཀི་ཡིས་ཅི་ཧྥུའུ་སོགས་ཝུའུ་ཁི་ལན་གྱི་གྲོང་ཁྱེར་དུ་འཚམས་འདྲི་བྱེད་པ་དེ་ཝུའུ་ཁི་ལན་གྱི་གནས་བབ་ལ་རྒྱུས་ལོན་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། ཁོས་ཁའེ་ལོ་ཀི་དང་མཉམ་དུ་རྟོག་ཞིབ་བྱེད་རྩིས་ཡོད་ལ། ཝུའུ་ཁི་ལན་ཕྱོགས་ཀྱི་དམག་ཕྱོགས་དང་གསང་འཕྲིན་སྡེ་ཁག ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་ཅུའུ་བཅས་ཀྱི་ལས་བྱེད་མི་སྣ་དང་མཉམ་དུ་བཞུགས་མོལ་བྱེད་རྩིས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།