ཕུའུ་ཅིན་གྱིས་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།
2025.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས19ཉིན་བཤད་རྒྱུར། ཁོས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་འདོད་ཡོད་ཀྱང་། གྲོས་མོལ་མ་བྱས་་གོང་ངེས་པར་དུ་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།

ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཧྲིན་པུས་ཏི་པའོ་ཡི་མི་མེད་གནམ་གྲུའི་བཟོ་གྲྭ་ཞིག་ལ་ལྟ་སྐོར་བྱས་པ་དང་། དེའི་སྐབས་སུ་ཚེས18ཉིན་སོ་ཏི་ཨ་རབ་ནས་བསྡུས་པའི་ཨུ་རུ་སི་དང་ཨ་མེ་རི་ཁའི་གྲོས་མོལ་ལ་གདེང་འཇོག་ཆེན་པོ་བྱས། ཁོས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་གྱི་དམིགས་ཡུལ་ནི་ཨུ་རུ་སི་དང་ཨ་མེ་རི་ཁའི་ཡིད་ཆེས་སླར་གསོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་སེམས་ཁུར་བྱེད་པའི་ཁྱབ་ཁོངས་སོ་སོའི་བྱ་བ་སླར་གསོ་བྱེད་པའི་ཐད་ནས་གོམ་པ་དང་པོ་སྤོ་ཆེད་ཡིན་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་གྲོས་མོལ་ལ་ཞུགས་ནས་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་འདོད་ཡོད། ཐི་ལིང་ཕུའུ་ཡིས་དེའི་སྔོན་ཁོར་ཁ་པར་གཏོང་སྐབས་བཤད་པའི་ཨ་མེ་རི་ཁ་ཕྱོགས་ཀྱི་ལངས་ཕྱོགས་ནི་གྲོས་མོལ་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཞུགས་པའི་གནས་ཚུལ་འོག་སྤེལ་དགོས་པ་དང་། སུས་ཀྱང་ཝུའུ་ཁི་ལན་འཕེལ་རིམ་དེའི་ཕྱིར་འདེད་མི་སྲིད་ལ། ཡོ་རོབ་གླིང་གིས་ཀྱང་ཨུ་རུ་སི་དང་ཨ་མེ་རི་ཁའི་གྲོས་མོལ་ལ་རྣམ་འགྱུར་མི་ལེགས་པ་སྟོན་དགོས་མེད་ཟེར།

ཨུ་རུ་སི་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས18ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་རྒྱུན་ལྡན་འཁོར་རྒྱུག་དང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པ་སོགས་ཀྱི་ཐད་ཐུན་མོང་གི་ལྟ་ཚུལ་བྱུང་། ཐི་ལིང་ཕུའུ་ཡིས་ཉིན་དེའི་དགོང་མོར་བཤད་རྒྱུར། ཁོས་ཟླ་གཉིས་པའི་ཟླ་མཇུག་ཏུ་ཕུའུ་ཅིན་དང་གྲོས་མོལ་བྱེད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།