དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་དང་ཙུང་ཐུང་ཕའེ་ཙེ་ཞི་ཆི་དབྱང་གཉིས་ཀྱིས་ཚེས19ཉིན་རྒྱལ་ས་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱ་བསྐྱེད་པ་ནི་དབྱི་ལིང་གི་སྲིད་ཇུས་ཡང་དག་ཡིན་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་མེ་ནེ་དབྱེ་ཡིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་རྒྱ་བསྐྱེད་པ་ནི་དབྱི་ལིང་གི་ཡང་དག་པའི་སྲིད་ཇུས་ཡིན་པས། དབྱི་ལིང་དང་ཁཱ་ཐར་རྒྱལ་ཁབ་གཉིས་ཀྱིས་ཏི་ཧེ་ལན་ནས་བཀོད་པའི་གྲོས་མཐུན་གྱིས་ཕྱོགས་གཉིས་ལ་ཕན་ཐོགས་འབྱུང་སྲིད་ལ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་འགན་འཁྲི་ལག་བསྟར་བྱེད་ཐུབ་ཟེར། ཐཱ་མུས་མུའུ་ཡིས་བསྟན་དོན། ས་གནས་རང་གི་དཀའ་ཁག་གནས་བབ་དབང་གིས་ས་ཁུལ་རང་གི་རྒྱལ་ཁབ་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པའི་རེ་བ་བཏོན་ཡོད་ཟེར།
ཕའེ་ཙེ་ཞི་ཆི་དབྱང་གིས་ཉིན་དེར་ཐཱ་མུས་མུའུ་དང་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ས་ཁུལ་རང་དང་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། དམག་དོན། བདེ་འཇགས་ཁྱབ་ཁོངས་ཀྱི་འབྲེལ་བ་བཅས་ལ་ཤུགས་སྣོན་དང་འཕེལ་རྒྱས་སུ་གཏོང་བ་ནི་དབྱི་ལིང་གི་སྲིད་ཇུས་གལ་ཆེན་ཡིན་ཟེར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བ་དང་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱས་ཏེ་རྒྱལ་ཁབ་དེའི་མི་དམངས་ཚང་མ་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་པའི་བྱ་བའི་ནང་ཞུགས་དགོས་པ་གཅིག་གྱུར་ནན་བཤད་བྱས། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་དབྱི་སི་ལན་རྒྱལ་ཁབ་དག་གིས་སྔར་ལས་གཅིག་མཐུན་གྱི་འགུལ་སྐྱོད་སྤེལ་ནས་ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ཀྱི་དཀའ་སྡུག་ཇེ་ཡང་དུ་གཏོང་བ་དང་། ཅཱ་ཧྲའི་མི་དམངས་ལ་དམིགས་པའི་ནག་ཉེས་ལ་བཀག་འགོག་བྱེད་པར་དགོས་གལ་ཆེ་བ་ནན་བཤད་བྱས།
ཐཱ་མུས་མུའུ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། མིག་སྔའི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ནི་འཛུགས་སྐྲུན་རང་བཞིན་ལྒདནཔ་འི་གྲོས་མོལ་ཡིན་ཞིང་། ཁཱ་ཐར་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་འདུམ་འགྲིག་བྱེད་བཞིན་ཡོད་ལ། ཁཱ་ཐར་གྱིས་དྲང་བདེན་དང་དོ་མཉམ་པའི་ཐག་གཅོད་བྱེད་པར་ཕན་པའི་ཇུས་གཞི་གང་རུང་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་སོ་སོའི་ཁེ་དབང་འགན་སྲུང་དང་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཁོས་དབྱི་ལིང་ཕྱོགས་ཀྱིས་བཏོན་པའི་ཐུན་མོང་ཁེ་ཕན་དང་ཁྱིམ་མཚེས་མཛའ་མཐུན་གྱི་རྨང་གཞིའི་སྟེང་མཚོ་ཁུགས་ཨ་རབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་དབྱི་སི་ལན་རྒྱལ་ཁབ་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་བ་འཛུགས་པའི་སྐོར་གྱི་གྲོས་གཞིར་དགའ་བསུ་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།