ཧྥ་རན་སི་ཡིས་རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་བརྙན་རིས་གྲོས་ཚོགས་བསྡུས་ཏེ་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱས།
2025.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས19ཉིན་བརྙན་རིས་གྲོས་ཚོགས་བསྡུས་ཏེ། ཝུའུ་ཁི་ལན་གྱི་ཞི་བདེའི་འཕེལ་རིམ་གནད་དོན་ཐད་ཀྱི་ཐུན་མོང་ལངས་ཕྱོགས་ལ་གྲོས་བསྡུར་བྱས།

ཧྥ་རན་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་མཱ་ཁི་ལུང་གིས་ཚེས17ཉིན་ནས་བཟུང་འཇར་མན་དང་དབྱིན་ཇི། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཕཱ་རེ་སི་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས་རྗེས། ཡང་བསྐྱར་གནད་དོན་དེའི་ཐད་ནས་གྲོས་ཚོགས་བསྡུ་བའི་གྲོས་གཞི་བཏོན་པ་རེད། ཉིན་དེའི་བརྙན་རིས་གྲོས་ཚོགས་ལ་ཞུགས་མཁན་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་། ཁཱ་ནཱ་ཏཱ། ནོར་ཝེ། འཁྱག་གླིང་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་སོགས་འདུས་ཟེར།

མཱ་ཁི་ལུང་གིས་གྲོས་ཚོགས་གྲོལ་རྗེས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ཏེ། ཧྥ་རན་སི་དང་གྲོགས་པོའི་རྒྱལ་ཁབ་དག་གི་ལངས་ཕྱོགས་ནི་མངོན་གསལ་གཅིག་གྱུར་ཡིན་པ་དང་། ཝུའུ་ཁི་ལན་གྱི་ཡུན་རིང་གཏན་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་པར་རེ་བཞིན་ཡོད། ཡོ་རོབ་གླིང་གི་རྒྱལ་ཁབ་དང་ཨ་མེ་རི་ཁར་ཐུན་མོང་གི་དམིགས་འབེན་ཡོད་ལ། དེ་ནི་བསྟུད་མར་ལོ་གསུམ་ཙམ་འགོར་བའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་རྒྱུ་དེ་ཡིན། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་དང་། འགན་འཁྲི་ཁུར་དུ་བླངས་ནས་ཡོ་རོབ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

ཁོས་ད་རུང་བཤད་རྒྱུར། ཚོགས་ཞུགས་མགོ་ཁྲིད་པ་དག་གིས་བལྟས་ན། ངེས་པར་དུ་ཡོ་རོབ་གླིང་དང་རྒྱལ་ཁབ་སོ་སོའི་རྒྱལ་སྲུང་དང་བདེ་འཇགས་ཐད་ཀྱི་འགྲོ་སོང་ཁ་སྣོན་བྱས་ཏེ་རྒྱལ་སྲུང་བདེ་འཇགས་ནུས་པ་མཐོར་འདེགས་བྱེད་དགོས་པར་འདོད་པ་དང་། ང་ཚོས་མ་འོངས་པའི་ཉིན་འགའ་དང་གཟའ་འཁོར་འགའི་ནང་ཆོད་དོན་སྤེལ་རྒྱུ་ཡིན་ཟེར། བསྒྲགས་པ་ལྟར་ན། མཱ་ཁི་ལུང་གིས་གཟའ་འཁོར་འདིའི་མཇུག་ཏུ་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བར་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཁོ་གཟའ་འཁོར་རྗེས་མར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་དང་མཉམ་དུ་ཨ་མེ་རི་ཁར་སོང་ནས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཐུག་འཕྲད་བྱས་ཏེ་ཝུའུ་ཁི་ལན་གྱི་ཞི་བདེ་འཕེལ་རིམ་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།