ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཕཱ་ལེ་སི་ཐན་གྱི་མི་མཐར་སྐྲོད་གཏོང་བར་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས།
2025.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་ཡིས་ཚེས19ཉིན་བསྐྱར་སྒྲོག་བྱས་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཕཱ་ལེ་སི་ཐན་གྱི་མི་མཐར་སྐྲོད་གཏོང་བའི་གཡོ་ཇུས་གང་རུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བཟུང་ཡོད་ཟེར།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མུའུ་ཧན་མའོ་ཏི་ཡིས་ཉིན་དེར་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་བྱ་བ་དེ་ཕྱོགས་ཡོངས་དང་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་དང་ཟུང་འབྲེལ་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ས་ཁུལ་དེའི་གཏན་འཇགས་མངོན་འགྱུར་བྱེད་པའི་གཞི་རྩའི་ཐབས་ལམ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་གཙོ་བོ་དབུས་ཤར་ས་ཁུལ་གྱི་གནས་བབ་དང་ཁྱད་པར་དུ་ཕཱ་ལེ་སི་ཐན་གྱི་ས་ཁོངས་བཙན་བཟུང་བྱས་པའི་གནས་ཚུལ་གསར་བ། དེ་མིན་ཅཱ་ཧྲ་ས་ཁུལ་གྱི་ཉམས་ཉེན་ལས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། བདེ་འཇགས་བཅས་ཀྱི་ཐད་ཐེབས་པའི་ཤུགས་རྐྱེན་སོགས་ལ་གྲོས་བསྡུར་བྱས། མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ངེས་པར་དུ་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱས་ཏེ། ས་ཁུལ་གྱི་ཞི་བདེ་ལ་སྔར་ལས་ཆེ་བའི་འཇིགས་ཉེན་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།