སོ་ཏི་ཨ་རབ་ཀྱི་སྨྱན་བྱད་གླེང་སྐབས་སྐབས་བཞི་བ་ནས་སྨྱན་བྱད་ལས་རིགས་ཀྱི་མ་འོངས་པའི་འཕེལ་ཕྱོགས་ལ་གྲོས་བསྡུར་བྱས།
2025.02.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སོ་ཏི་ཨ་རབ་ཀྱི་སྨྱན་བྱད་གླེང་སྐབས་སྐབས་བཞི་བ་ཚེས19ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་ཚོགས་མགོ་བརྩམས། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་སྙིང་ནི་འཕེལ་འགྱུར་འཛམ་གླིང་ཁྲོད་ཀྱི་སྨྱན་བྱད་ཅེས་པ་དེ་ཡིན་ལ། ཚོགས་ཞུགས་མཁན་གྱིས་སྨྱན་བྱད་ལས་རིགས་ཀྱི་མ་འོངས་པའི་འཕེལ་ཕྱོགས་དང་དངུལ་གཏོང་གོ་སྐབས་གཙོར་བཟུང་ནས། གསར་དར་ལག་རྩལ་འཕེལ་གསར་བ་དང་དེས་འཛམ་གླིང་ཡོངས་ཀྱི་སྨྱན་བྱད་ཀྱི་ཤུགས་རྐྱེན་ལ་གྲོས་བསྡུར་ཟབ་མོ་བྱེད་རྒྱུ་རེད།

དབུས་ཤར་ས་ཁུལ་གྱི་གཞི་རྒྱ་ཆེས་ཆེ་བའི་སྨྱན་བྱད་གླེང་སྟེགས་ཡིན་པའི་ཆ་ནས། སོ་ཏི་ཨ་རབ་ཀྱི་སྨྱན་བྱད་གླེང་སྟེགས་དེས་འཛམ་གླིང་ཡོངས་ཀྱི་སྨྱན་བྱད་ལས་རིགས་ལ་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད། སྐབས་འདིའི་གླེང་སྟེགས་ལ་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་སྨྱན་བྱད་ལས་ཁུངས200ལྷག་ནང་འགུག་བྱས་པ་དང་། ཞིན་ཧྭ་གསར་འགྱུར་ཁང་དེ་གླེང་སྟེགས་སྨྱན་བྱད་ཀྱི་མཉམ་ལས་གྲོགས་པོ་ཡིན་པའི་ཆ་ནས་གྲོས་ཚོགས་ལ་ཞུགས་ཡོད་ལ། ཞིན་ཧྭ་གསར་འགྱུར་ཁང་གི་ཧྲི་ཀྲང་གཞོན་པ་ཡོན་པེན་ཀྲུང་སོགས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོར་ཞུགས།

སོ་ཏི་ཨ་རབ་ཀྱི་གསར་འགྱུར་བློན་ཆེན་ཏུའུ་སཱ་ལི་ཡིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། སྨྱན་བྱད་ལས་རིགས་དག་འགྱུར་ལྡོག་བྱེད་བཞིན་པའི་རྣམ་པར་འཕྲད་ཡོད་ལ། ང་ཚོས་མ་འོངས་པར་ངང་སྒུག་བྱེད་མི་རུང་བར་མ་འོངས་པ་གསར་གཏོད་བྱེད་དགོས་ཟེར། ཁོས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་སྔོན་གྱི་ནང་དོན་གཙོ་བོ་གཏན་འཁེལ་བྱས་ནས་གསར་འགྱུར་དྲིལ་སྒྲོག་ཐད་མ་འོངས་པ་གསར་བ་བསྐྲུན་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

སྐབས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། གཙོ་བོ་སྨྱན་བྱད་ཁྱབ་ཁོངས་ཀྱི་གཞི་གྲངས་ཅན་གྱི་ཚུལ་བསྒྱུར་དང་མིས་བཟོས་རིག་ནུས་ཀྱི་ནང་དོན་སྒྲིག་བཟོའི་ཁྲོད་ཀྱི་བེད་སྤྱོད་སོགས་གྲོས་གཞིར་དོ་སྣང་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།