སུའུ་ཏན་འཕྲིན་གཏོང་ཁང་གིས་ཚེས20ཉིན་བསྒྲགས་པ་ལྟར་ན། སུའུ་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཁུན་ནེ་ཡཱ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་བོས་ཏེ། ཁུན་ནེ་ཡཱ་སྲིད་གཞུང་གིས་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དང་དེའི་མནའ་མཐུན་ཆབ་སྲིད་སྟོབས་ཤུགས་ཀྱི་གྲོས་ཚོགས་གཙོ་སྒྲུབ་བྱས་པར་ངོ་རྒོལ་བྱས།
སུའུ་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། མིག་སྔར་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་སུ་སྤེལ་བཞིན་པའི་གྲོས་ཚོགས་ནི་སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དང་དེའི་མནའ་མཐུན་ཆབ་སྲིད་སྟོབས་ཤུགས་ཀྱིས་རྩ་འཛུགས་བྱས་ཏེ་སྤེལ་བ་ཡིན་ལ། དེའི་དམིགས་ཡུལ་ནི་སུའུ་ཏན་ད་ཡོད་ཀྱི་ཁྲིམས་མཐུན་སྲིད་གཞུང་དང་མཉམ་གཤིབ་ཀྱི་སྲིད་གཞུང་ཞིག་འཛུགས་པའི་ཆེད་རེད་ཟེར། གསལ་སྒྲོག་ལས་ཁུན་ནེ་ཡཱའི་སྲིད་གཞུང་གིས་ཐེངས་འདིའི་གྲོས་ཚོགས་གཙོ་སྒྲུབ་བྱས་པར་སྐྱོན་བརྗོད་བྱས་པ་དང་། བྱ་སྤྱོད་དེས་སུའུ་ཏན་གྱི་བདག་དབང་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱེལ་ཡོད་ལ། ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། དེ་མིན་རྒྱལ་ཁབ་བར་གྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་བཅས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་པས། ཁུན་ནེ་ཡཱའི་དབང་འཛིན་ལས་ཁུངས་ཀྱིས་ཉེན་ཁའི་གནས་བབ་བསྒྱུར་དགོས་པའི་སྐུལ་མ་བཏང་།
སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་དང་དེའི་མནའ་མཐུན་ཆབ་སྲིད་སྟོབས་ཤུགས་ཀྱིས་ཚེས18ཉིན་ནས་བཟུང་ནེ་ལོ་པུས་ནས་གྲོས་ཚོགས་བསྡུས་པ་དང་། དམིགས་ཡུལ་ནི་སུའུ་ཏན་གྱི་ཞི་བདེ་དང་མཐུན་སྒྲིལ་གྱི་སྲིད་གཞུང་རྩ་འཛུགས་བྱེད་པའི་སྒྲིག་ཡིག་བཀོད་དེ་མཉམ་གཤིབ་སྲིད་གཞུང་འཛུགས་པའི་ཆེད་དུ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།