ཙེ་ལིན་སི་ཅི་ཡིས་ཨ་མེ་རི་ཁའི་ཆེད་མངག་ཕོ་ཉའི་གྲོས་མོལ་ལ་ཕན་འབྲས་བཟང་བོ་བྱུང་བའི་ཚུལ་བསྟན།
2025.02.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས20ཉིན་གྱི་དགོང་མོར་དྲ་ཚིགས་སྟེང་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། ཁོས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་སྲིད་གཞུང་གི་ཝུའུ་ཁི་ལན་དང་ཨུ་རུ་སིའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཁའེ་ལོ་ཀི་དང་མཉམ་དུ་འཐབ་འཁྲུག་གི་གནས་བབ་དང་། ཕྱོགས་གཉིས་ཀྱི་མཉམ་ལས། བདེ་འཇགས་འགན་སྲུང་སོགས་ཀྱི་ཐད་ནས་འབྲེལ་འདྲིས་བཟང་བོ་བྱས་པ་དང་། གྲོས་མོལ་ལ་ཕན་འབྲས་བཟང་བོ་བྱུང་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་འཁྲུག་རྩོད་བྱུང་བའི་ཐོག་མའི་དུས་ནས་ཞི་བདེ་འཚོལ་ཞིབ་བྱས་པ་དང་། ཞི་བདེའི་བློ་གཏད་རང་བཞིན་དང་རྒྱུན་མཐུད་ལ་ངེས་པར་དུ་འགན་སྲུང་བྱས་ནས་ཨུ་རུ་སིའི་ཕྱོགས་ཀྱིས་ཡང་བསྐྱར་འཐབ་འཁྲུག་སློང་མི་སྲིད་པར་འགན་སྲུང་བྱེད་དགོས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མཉམ་དུ་དངུལ་གཏོང་དང་བདེ་འཇགས་ཐད་ནས་གཉིས་ཕན་གྱི་གྲོས་མཐུན་འགོད་འདོད་ཡོད་ལ། ཝུའུ་ཁི་ལན་ཕྱོགས་ཀྱིས་དོན་དེར་ཕྱོགས་གཉིས་ཀྱི་མཉམ་ལས་མགྱོགས་ཤིང་འཛུགས་སྐྲུན་རང་བཞིན་ལྡན་པ་མངོན་འགྱུར་བྱེད་པའི་བྱེད་ཐབས་བཏོན།

གཞན་ཡང་ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁའེ་ལོ་ཀི་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཀྲང་སི་པུས་ཅཱ་དང་གྲོས་མོལ་བྱས། སི་པུས་ཅཱ་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱིས་དྲག་ཤུགས་ལ་བརྟེན་ནས་ཞི་བདེ་མངོན་འགྱུར་བྱེད་པའི་ལངས་ཕྱོགས་ལ་ཆོག་མཆན་བཀོད་པར་མ་ཟད། ཝུའུ་ཁི་ལན་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་བདེ་འཇགས་འབྲལ་ཐབས་མེད་པ་ནན་བཤད་བྱས།

བསྒྲགས་པ་ལྟར་ན། ཁའེ་ལོ་ཀི་ནི་ཚེས19ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་རུ་འབྱོར་ནས་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།