སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མའོ་ཧན་མའོ་ཏི་ཡིས་ཚེས20ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། སོ་ཏི་ཨ་རབ་ཀྱིས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་པ་ནན་བཤད་བྱས་པར་མ་ཟད། གྲོས་མོལ་ནི་རྒྱལ་སྤྱིའི་ཉམས་ཉེན་ཡོད་ཚད་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་ཟེར།
སོ་ཏི་ཨ་རབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་མའོ་ཧན་མའོ་ཏི་ལ་བཀའ་དྲིན་ཞུས་པར་མ་ཟད། སོ་ཏི་ཨ་རབ་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཆ་ནས་ཨུ་རུ་སི་དང་ཨ་མེ་རི་ཁའི་བར་གྱི་ཕན་འབྲསལ་ལྡན་པའི་གྲོས་མོལ་ལ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས།
ཕྱོགས་གཉིས་ཀྱིས་ཁ་པར་གཏོང་སྐབས་རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེ་འབྲེལ་བ་ཟབ་མོར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། མུ་མཐུད་དུ་ཁྱབ་ཁོངས་སོ་སོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུའི་ཚུལ་བསྟན།
ཨུ་རུ་སི་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས18ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་འཐུས་ཚབ་ཚོགས་པའི་རྒྱུན་ལྡན་འཁོར་སྐྱོད་སླར་གསོ་བྱེད་པ་དང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མྱུར་དུ་མཇུག་སྒྲིལ་བ་སོགས་ཀྱི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།