མཱ་ཁི་ལུང་གིས་ཡོ་རོབ་གླིང་གིས་ངེས་པར་དུ་བདེ་འཇགས་དང་འགོག་སྲུང་ཐད་ནས་འཐབ་ཇུས་རང་བདག་ལ་ཤུགས་སྣོན་དགོས་པའི་ཚུལ་བསྟན།
2025.02.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས20ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་གནད་དོན་ལས་ཡོ་རོབ་གླིང་གིས་ངེས་པར་དུ་བདེ་འཇགས་དང་འགོག་སྲུང་ཐད་ནས་འཐབ་ཇུས་རང་བདག་ལ་ཤུགས་སྣོན་པར་སྐུལ་མ་ཐེབས་ཡོད་ཟེར།

མཱ་ཁི་ལུང་གིས་ཉིན་དེར་དྲ་ཐོག་ནས་དྲ་གྲོགས་ཀྱི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་ཡོ་རོབ་གླིང་གི་བདེ་འཇགས་སོགས་ཀྱི་ཐད་བཏོན་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནས་བབ་དེ་ཡོ་རོབ་གླིང་གི་བདེ་འཇགས་དང་ཁེ་ཕན་ལ་འབྲེལ་ཡོད་ཀྱང་། མིག་སྔའི་གནས་ཚུལ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད། ཁོས་ཡུན་རིང་གཏན་འཇགས་ཀྱི་ཞི་བདེ་མངོན་འགྱུར་བྱས་ཏེ་ཝུའུ་ཁི་ལན་ཞི་འཇགས་ཡོང་བ་དང་བདེ་འཇགས་འགན་སྲུང་ཐོབ་པར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཝུའུ་ཁི་ལན་གྱི་མིས་གྲོས་མོལ་བྱས་ཏེ་ཞི་བདེ་ཐོབ་དགོས་པ་ནན་བཤད་བྱས།

མཱ་ཁི་ལུང་གིས་བསྐྱར་སྒྲོག་བྱས་དོན། ཧྥ་རན་སི་ཡིས་མིག་སྔར་ཝུའུ་ཁི་ལན་དུ་འཐབ་འཁྲུག་དམག་དཔུང་མངག་གཏོང་བྱེད་འདོད་མེད་ཀྱང་། གལ་ཏེ་གྲོས་མོལ་ལས་ངེས་པ་དོན་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ཐུབ་ཚེ། ཧྥ་རན་སི་ཡིས་ཞི་བདེའི་གྲོས་མཐུན་བཀོད་རྗེས་དམག་དཔུང་མངག་ནས་ཝུའུ་ཁི་ལན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་ཡང་ཁྲིགས་ཁྲིགས་མེད་ཟེར།

ཡོ་རོབ་གླིང་གི་འགོག་སྲུང་མཉམ་ལས་གནད་དོན་ཐད་ནས་མཱ་ཁི་ལུང་གིས་བཤད་རྒྱུར། ཡོ་རོབ་གླིང་གིས་གཅིག་གྱུར་གྱི་དམག་དཔུང་ཞིག་འཛུགས་པར་དཀའ་ཁག་ཧ་ཅང་ཆེ་ཡང་། ཁོས་བལྟས་ན་ངེས་པར་དུ་ཡོ་རོབ་གླིང་གི་བདེ་འཇགས་དང་འགོག་སྲུང་ནུས་པར་ཤུགས་སྣོན་བྱེད་དགོས་པ་དང་། དེའི་ཆེད་དུ་རྒྱལ་སྲུང་འགྲོ་སོང་གི་རྒྱལ་ནང་སྤྱིའི་ཐོན་རིན་ཁྲོད་ཀྱི་བསྡུར་ཚད་ཇེ་ཆེར་གཏོང་དགོས་ཟེར། ཁོས་ཡོ་རོབ་གླིང་གིས་མ་འོངས་པའི་གཟའ་འཁོར་འགའི་ནང་མཉམ་དུ་གཞི་རྒྱ་ཆེ་བའི་མ་དངུལ་བཏང་ནས། རྒྱལ་སྲུང་གི་ཐོན་རྫས་སྔར་ལས་མང་བོ་ཉོ་བསྡུ་དང་ཐོན་སྐྱེད་བྱེད་དགོས་པའི་རེ་བ་བཏོན། ཁོས་ད་རུང་ཉེན་བརྡ་བཏང་དོན། གལ་ཏེ་ཡོ་རོབ་གླིང་གིས་ཉོ་བསྡུའི་ཁ་ཕྱོགས་ཨ་མེ་རི་ཁར་བསྒྱུར་ན། ང་ཚོའི་འཐབ་ཇུས་རང་བདག་དབང་ཆར་ཤུགས་སྣོན་ཐོབ་མི་སྲིད་ཟེར།

མཱ་ཁི་ལུང་གིས་ཁས་ལེན་བྱས་དོན། ཁོ་ཉིན་འགའི་རྗེས་སུ་ཨ་མེ་རི་ཁ་ར་སོང་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། ཁོས་བལྟས་ན་ཐི་ལིང་ཕུའུ་ཡིས་མནའ་མཐུན་གྲོགས་པོར་གཏན་འཇགས་མིན་པའི་སྣང་ཚུལ་བཟོས་ཡོད་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།