ཅཱ་ལེ་པུས་ཐུན་མོང་ཚོགས་པའི་སྲིད་གཞུང་གི་མགོ་གཙོའི་གྲོས་ཚོགས་སྐབས་ཞེ་བརྒྱད་པ་མགོ་རྩོམ་པའི་མཛད་སྒོ་ཚེས19ཉིན་པཱ་པཱ་ཏའོ་སིའི་རྒྱལ་ས་པུའུ་ལི་ཆི་ཏོན་ནས་སྤེལ། གྲོས་ཚོགས་ནས་ནམ་ཟླའི་འགྱུར་ལྡོག་དང་ནམ་ཟླའི་དངུལ་གསོག འབྲུ་རིགས་བདེ་འཇགས། ཕྱི་ཕྱོགས་འབྲེལ་བ་སོགས་གྲོས་གཞི་གཙོར་བཟུང་ཡོད་པ་དང་། རྒྱལ་ཁབ་སོ་སོས་མཐུན་སྒྲིལ་ལ་བརྟེན་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
སྐབས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། བརྗོད་སྙིང་ནི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཏེ་ཅཱ་ལེ་པུས་ས་ཁུལ་གྱི་བབ་བསྟུན་དང་དཀྱེལ་ཡངས་རང་བཞིན་གྱི་འཕར་སྣོན་དང་རྒྱུན་མཐུད་འཕེལ་རྒྱས་གསར་བསྐྲུན་བྱེད་པ་དེ་རེད།
ཅཱ་ལེ་པུས་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི། མགྲོན་བདག་རྒྱལ་ཁབ་པཱ་པཱ་ཏའོ་སིའི་ཙུང་ལི་མའོ་ཐི་ལེ་ཡིས་ཚོགས་མགོ་རྩོམ་པའི་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ནམ་ཟླའི་ཉམས་ཉེན་ལས་མིའི་རིགས་ཡོངས་འབྲུ་རིགས་བདེ་འཇགས་སོགས་ཉེན་ཁ་དང་འགྲན་རྩོད་རབ་དང་རིམ་པར་འཕྲད་ཡོད་པ་དང་། འགྲན་རྩོད་དེ་དག་ནི་ཅཱ་ལེ་པུས་དང་ས་ཁུལ་གཞན་པ་གང་རུང་ཞིག་ཏུ་ཁེར་རྐྱང་དུ་གནས་པ་མ་ཡིན་ཟེར། མའོ་ཐི་ལེ་ཡིས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་ལ་བརྟེན་ནས་མཉམ་དུ་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མི་སེར་སྤེལ་བའི་རིང་ལུགས་ཀྱིས་བཞག་པའི་གནད་དོན་མང་བོས་སྔར་བཞིན་ད་ལྟའི་སྤྱི་ཚོགས་ལ་གནོད་པ་ཐེབས་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་ཏེ་སྔར་ལས་མཛེས་སྡུག་ལྡན་པའི་ད་ལྟ་དང་སྔར་ལས་འོད་སྟོང་འབར་བའི་མ་འོངས་པ་གསར་བསྐྲུན་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར།
ཀི་ལིན་ནཱ་ཏཱའི་ཙུང་ལི་མུས་ཆེ་ཨར་གྱིས་གཏམ་བཤད་སྤེལ་སྐབས་ཅཱ་ལེ་པུས་ཐུན་མོང་ཚོགས་པ་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པས་ནམ་ཟླའི་འགྱུར་ལྡོག་སོགས་འགྲན་རྩོད་ཐག་གཅོད་བྱེད་སྐབས་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། སྐབས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་མཐུན་སྒྲིལ་ཁྲོད་ཀྱི་སྟོབས་ཤུགས་ཞེས་པ་དེ་ཡིན་ཞིང་། རྒྱལ་ཁབ་སོ་སོའི་ཆེ་ཆུང་ལ་ཁྱད་མེད་པར་ཚང་མས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་སྲུང་སྐྱོབ་དང་དེར་རྒྱབ་སྐྱོར་བྱེད་དགོས་ཟེར།
ཅཱ་ལེ་པུས་ཐུན་མོང་ཚོགས་པའི་དྲུང་ཡིག་ཆེན་མོ་པཱ་ནེ་ཐི་ཡིས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་ཅན། ཁོར་ཡུག་སྦགས་བཙོག དྲག་ཤུགས་དང་ནག་ཉེས། རྒྱུན་མཐུད་ཀྱི་དམག་དོན་འཁྲུག་རྩོད། ཉོ་ཚོང་འཐབ་འཁྲུག་དེ་མིན་འཛམ་གླིང་རང་བཞིན་གྱི་ཉམས་ཉེན་གཞན་པ་མང་བོ་དུས་མཉམ་དུ་འབྱུང་བཞིན་ཡོད་པས། རྒྱལ་སྤྱིའི་མཉམ་ལས་དང་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་པའི་དོན་སྙིང་གལ་ཆེན་སྔར་ལས་མངོན་གསལ་དུ་གྱུར་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།