ཚེས17ཉིན་ནས་ཚེས20ཉིན་བར། ཀྲུང་གོའི་སྐོར་ཐེངས20པའི་སེ་ནེ་ཀལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གིས་སེ་ནེ་ཀལ་གྱི་གྲོང་ཁྱེར་མང་པོ་ཞིག་ཏུ་སྐོར་སྐྱོད་སྨན་བཅོ་དང་མྱུར་སྐྱོབ། བདེ་ཐང་ཚན་རིག་ཁྱབ་གདལ་འཆད་ཁྲིད་ཀྱི་བྱ་འགུལ་སྤེལ་བ་དང་། ས་གནས་དེའི་སྨན་ཁང་ལ་སྨན་བཅོས་དངོས་རྫས་ཞལ་འདེབས་སུ་ཕུལ།
ཐེངས་འདིའི་སྐོར་སྐྱོད་འོས་འགན་སྨན་བཅོས་ལ་ཁོག་ནད་དང་ཕྱི་ནད་ཚན་ཁག བྱིས་ནད་ཚན་ཁག མིག་ནད་ཚན་ཁག་སོགས་སྨན་བཅོས་ཆེད་ལས8ཡོད་པ་རེད།
དུས་ཡུན་ཉིན4ཡི་བྱ་འགུལ་ཁྲོད་སྨན་བཅོས་རུ་ཁག་གིས་སེ་པེ་བྱང་རྒྱུད་ལུའུ་ཅ་ཆུས་ལེན་ཀེ་ཨར་གྲོང་ཁྱེར་དང་། ཏ་ལ་གྲོང་ཁྱེར། སེ་པེ་དབུས་རྒྱུད་ཅུ་ཨར་པེ་ལེ་ཆུས་ཐུའུ་པ་གྲོང་ཁྱེར་བཅས་སུ་འོས་འགན་སྨན་བཅོས་ཐེངས3སྤེལ་བ་དང་། མྱུར་སྐྱོབ་བདེ་ཐང་ཚན་རིག་ཁྱབ་གདལ་འཆད་ཁྲིད་ཐེངས11བྱས་ཤིང་། རིམ་རྩིས་བྱས་ན་མི་ཐེངས1411ལ་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་པ་རེད།
ལེན་ཀེ་ཨར་གྲོང་ཁྱེར་གྱི་མགོ་གཙོ་གཞོན་པ་ཨ་ལི·པ་དབྱི་ཏི·ཁ་ནེ་ཡིས་འོས་འགན་སྨན་བཅོས་ཀྱི་ཡུལ་དངོས་སུ་གཏམ་བཤད་སྤེལ་སྐབས། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ས་གནས་དེའི་སྨན་བཅོས་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཀྲུང་གོའི་སྨན་བཅོས་རུ་ཁག་གི་དགེ་སྒྲུབ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པའི་སྨན་བཅོས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས། ས་གནས་དེའི་མང་ཚོགས་དེ་ལས་མང་པོར་ཕན་པ་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་ཟེར།
ཀྲུང་གོའི་སེ་ནེ་ཀལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཐེངས20པའི་རུ་གཙོ་དབྱང་དབྱིས་གོ་ཡིས་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མུ་མཐུད་དུ་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། སེ་ནེ་ཀལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་མང་ཚོགས་དེ་ལས་མང་པོར་བདེ་ཐང་དང་རེ་བ་སྦྱིན་རྒྱུ་ཡིན་ཟེར།
1975ལོའི་ཟླ7པར་ཀྲུང་གོའི་ཧྥུའུ་ཅན་ཞིང་ཆེན་གྱིས་སེ་ནེ་ཀལ་ལ་སྨན་བཅོས་རུ་ཁག་སྐོར་དང་པོ་མངགས་པ་ནས་བཟུང་། ཀྲུང་གོའི་སེ་ནེ་ཀལ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དེ་སེ་ནེ་ཀལ་དུ་དུས་རབས་ཕྱེད་ཀའི་རིང་རྩ་བ་ཚུགས་ནས། ཀྲུང་གོ་དང་སེ་ནེ་ཀལ་གྱི་མཛའ་གྲོགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ལ་སྨན་བཅོས་རུ་ཁག་སྐོར་ཐེངས20དང་སྨན་བཅོས་རུ་མི312མངགས་ནས། ས་གནས་དེར་སྨན་བཅོས་ཞབས་ཞུ་མི་ཐེངས་ས་ཡ་གསུམ་དང་འབུམ་ལྔ་ལྷག་ཙམ་མཁོ་འདོན་བྱས་པ་དང་། ཁོ་ཚོའི་ཕུལ་དུ་བྱུང་བའི་སྨན་བཅོས་ལག་རྩལ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཀྱི་སྙིང་སྟོབས་ལ་སེ་ནེ་ཀལ་མང་ཚོགས་ཀྱི་ཚད་མཐོའི་གདེང་འཇོག་དང་རྒྱ་ཁྱབ་ཀྱི་བསྔགས་བརྗོད་ཐོབ་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།