ཚེས21ཉིན། ཧན་གོའི་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བཀའ་རྒྱ་ལག་བསྟར་བྱེད་པར་བཀག་འགོག་བྱ་རྒྱུའི་ཐད། ཙུང་ཐུང་དབྱིན་ཞི་ཡུའེ་ལ་དམིགས་བསལ་གྱི་གཞུང་དོན་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་པའི་དོགས་གཞི་ཡོད་པ་རྒྱུ་མཚན་དུ་བྱས་ནས་གྱོད་དོན་ཐོ་འགོད་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཧན་གོའི་ཉེན་རྟོག་ཐིང་ཁོངས་གཏོགས་རྒྱལ་ཁབ་བརྟག་དཔྱད་པུའུ་ཡི་དམིགས་བསལ་བརྟག་དཔྱད་ཚོགས་པས་དེ་སྔོན་དབྱིན་ཞི་ཡུའེ་ཡིས་འཛིན་བཟུང་བཀའ་རྒྱ་ལག་བསྟར་བྱེད་པར་བཀག་འགོག་བྱ་ཆེད། ཙུང་ཐུང་ཉེན་སྲུང་ཁྲུའུ་ཡི་མགོ་འཛིན་གཞོན་པ་ཅིན་ཁྲིན་ཞོན་དང་ཕན་ཚུན་བརྗེ་རེས་བྱས་པའི་ཡི་གེའི་ཆ་འཕྲིན་ཐོབ་ཡོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་དབྱིན་ཞི་ཡུའེ་ཡིས་ཟླ1པོའི་ཚེས་3ཉིན་དང་ཟླ1པོའི་ཚེས7ཉིན། གསང་སྡོམ་གླེང་མོལ་མཉེན་ཆས་བརྒྱུད་ནས་ཅིན་ཁྲིན་ཞོན་ལ་འཕྲིན་ཐུང་བསྐུར་ནས། ཉེན་སྲུང་ཁྲུའུ་ལ་འཛིན་བཟུང་བཀའ་རྒྱ་ལག་བསྟར་བྱེད་པར་བཀག་འགོག་བྱ་རྒྱུའི་མཛུབ་སྟོན་བྱས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་འཕྲིན་ཐུང་གི་ཞིབ་ཕྲའི་ནང་དོན་ཕྱིར་བསྒྲགས་བྱས་མེད།
ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཉེན་རྟོག་ཕྱོགས་ཀྱི་གནས་ཚུལ་དྲངས་ནས། དབྱིན་ཞི་ཡུའེ་ནི་སྔར་བཞིན་ད་ལྟའི་ཙུང་ཐུང་ཡིན་པར་བརྟེན་དམིགས་བསལ་གྱི་གཞུང་དོན་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་བའི་དོགས་གཞི་ཡོད་པའི་དབང་གིས་གྱོད་དོན་ཐོ་འགོད་བྱས་ཀྱང་། དོགས་གཞི་དེའི་དབང་གིས་ཉེས་དོན་གཏུག་བཤེར་གྱི་སྐྱོན་འདོན་ཞུ་གཏུག་བྱེད་མི་སྲིད་ཟེར།
ཟླ1པོའི་ཚེས26ཉིན། ཧན་གོའི་ཞིབ་དཔྱོད་ཐིང་གི་ཛ་དྲག་ཉེན་འགོག་དམིགས་བསལ་བརྟག་དཔྱད་པུའུ་ཡིས“ནང་འཁྲུག་བསླངས་པའི་དོགས་གཞི་ཡོད་པའི”ཆ་ནས་དབྱིན་ཞི་ཡུའེ་བཀག་ཉར་བྱས་ཏེ་ཞུ་གཏུག་བྱས་པ་རེད། དབྱིན་ཞི་ཡུའེ་ཧན་གོའི་ཁྲིམས་སྲིད་ལོ་རྒྱུས་སྟེང་ཞུ་གཏུག་བྱས་པའི་ད་ལྟའི་ཙུང་ཐུང་དང་པོར་གྱུར།
གཡང་འབུམ་རྒྱལ་གྱིས་བསྒྱུར།