ཁོ་སི་ཐ་རི་ཁ་བར་བརྒྱུད་རྒྱལ་ཁབ་ཡིན་པའི་ཆ་ནས་ཨ་མེ་རི་ཁས་ཕྱིར་འདེད་བྱས་པའི་གནས་སྤོར་སྡོད་དམངས་ཐོག་མ་དང་ལེན་བྱས།
2025.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས་ཉི་ཤུ་ཉིན་ཁོ་སི་ཐ་རི་ཁས་ཨ་མེ་རི་ཁ་སྲིད་གཞུང་གིས་ཕྱིར་འདེད་བྱས་པའི་རྒྱལ་ཁབ་མང་བོའི་གནས་སྤོར་སྡོད་དམངས་བརྒྱ་དང་སོ་ལྔ་དང་ལེན་བྱས། དེ་ནི་ཁོ་སི་ཐ་རི་ཁ་བར་བརྒྱུད་རྒྱལ་ཁབ་ཡིན་པའི་ཆ་ནས་ཨ་མེ་རི་ཁས་ཕྱིར་འདེད་བྱས་པའི་གནས་སྤོར་སྡོད་དམངས་ཐོག་མ་དང་ལེན་བྱས་པ་རེད།

ཐེངས་འདིར་ཨ་མེ་རི་ཁས་ཕྱིར་འདེད་བྱས་པའི་གནས་སྤོར་སྡོད་དམངས་ཚེས་ཉི་ཤུ་ཉིན་ཚོང་ལས་གནམ་གྲུར་བསྡད་དེ་ཁོ་སི་ཐ་རི་ཁའི་རྒྱལ་ས་ཧྲིན་ཧི་སེའི་ཉེ་འགྲམ་གྱི་ཧུའུ་ཨན་ཧྲིན་མ་ལིས་ཡ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་སར་བབས། ཁོ་སི་ཐ་རི་ཁའི་ནང་སྲིད་དང་ཉེན་རྟོན་པུའུ་ཡི་པུའུ་ཀྲང་གཞོན་པ་པ་ཏིས་ལིས་ཡ་ཡིས་ཉིན་དེའི་དགོང་མོར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཐེངས་འདིའི་གནས་སྤོར་སྡོད་དམངས་གཙོ་བོ་ཨེ་ཤ་ཡ་དབུས་མ་དང་ཧྥེ་གླིང་གི་རྒྱལ་ཁབ་ནས་ཡོང་བ་ཡིན་ལ། དེའི་ཁྲོད་དུ་བྱིས་པ་དང་བུད་མེད་སྦྲུམས་མ་ལྔ་བཅུ་ཡོད་ཟེར། གནས་སྤོར་སྡོད་དམངས་གནམ་གྲུ་ཐང་དུ་ཐོན་རྗེས་ཁོ་སི་ཐ་རི་ཁའི་སྲིད་གཞུང་གི་བཀོད་སྒྲིག་བྱས་པའི་རླངས་འཁོར་ལ་བསྡད་དེ་ཁོ་སི་ཐ་རི་ཁའི་ལྷོ་ཕྱོགས་དང་ཉེ་བའི་ཕ་ན་མའི་མཐའ་མཚམས་དང་འབྲེལ་བའི་གནས་སྐབས་གནས་སྤོར་སྡོད་དམངས་བདག་གཉེར་བྱེད་ས་སུ་ཞིག་ཏུ་བསྐྱལ་བ་དང་། ས་དེ་ནས་ཕྱིར་འདེད་གོ་རིམ་མགོ་རྩོམ་པར་སྒུག་པ་དང་ཉིན་སུམ་ཅུའི་རིང་གནམ་གྲུར་བསྡད་དེ་ཕྱིར་སྔོན་གྱི་ས་གནས་དེར་འགྲོ་དགོས་ཟེར་ཞིང་། ཨ་མེ་རི་ཁ་སྲིད་གཞུང་གིས་ཕྱིར་འདེད་འགྲོ་སོང་འགན་ལེན་བྱ་རྒྱུ་རེད།

ཁོ་སི་ཐ་རི་ཁའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཁོ་སི་ཐ་རི་ཁ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་ཉེ་སྔོན་བྱུང་བའི་གྲོས་མཐུན་གཞིར་བཟུང་སྟེ། ཁོ་སི་ཐ་རི་ཁ་ཕྱོགས་བར་བརྒྱུད་རགྱལ་ཁབ་བྱས་ཏེ་ཨ་མེ་རི་ཁས་ཕྱིར་འདེད་བྱས་པའི་གནས་སྤོར་སྡོད་དམངས་ཉིས་བརྒྱ་དང་ལེན་བྱ་རྒྱུ་ཡིན་ཟེར།

ཕ་ན་མས་ཚེས་བཅུ་གཉིས་ཉིན་ཨ་མེ་རི་ཁས་ཕྱིར་འདེད་བྱས་པའི་ཆེས་ཐོག་མའི་གནས་སྤོར་སྡོད་དམངས་བརྒྱ་དང་བཅུ་དགུ་དང་ལེན་བྱས་པ་དང་། ཝེ་ཏིས་ལ་མ་ཡང་བར་བརྒྱུད་རྒྱལ་ཁབ་བྱེད་རྒྱུར་འཐད་པ་བྱུང་ནས་ཨ་མེ་རི་ཁས་ཕྱིར་འདེད་བྱས་པའི་གནས་སྤོར་སྡོད་དམངས་དང་ལེན་བྱས།

ཨ་མེ་རི་ཁས་ཨེ་ཤ་ཡ་དབུས་མ་དང་ཧྥེ་གླིང་རྒྱལ་ཁབ་དེ་གནས་སྤོར་སྡོད་དམངས་ཕྱིར་འདེད་ཀྱི་བར་བརྒྱུད་རྒྱལ་ཁབ་དུ་བྱེད་པའི་ཐབས་ལམ་དེར་མི་ཆོས་རིང་ལུགས་རྩ་འཛུགས་དང་སྨྱན་བྱད་ཀྱིས་སྐྱོན་བརྗོད་བྱས། ཁོ་སི་ཐ་རི་ཁའི་སློབ་ཆེན་གཟའ་འཁོར་ཚགས་པར་སྟེང་གསར་འགྱུར་བཀོད་པ་ལས། ཁོ་སི་ཐ་རི་ཁའི་ལྷོ་ཕྱོགས་གནས་སྐབས་གནས་སྤོར་སྡོད་དམངས་བདག་གཉེར་བྱེད་སའི་ཕྱིར་ཡོང་གནས་སྤོར་སྡོད་དམངས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དེའི་སྔོན་བཀག་ཉར་བྱས་པའི་ཁོ་སི་ཐ་རི་ཁའི་མཐའ་མཚམས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཡང་ཡོད་པས། བདག་གཉེར་བྱེད་སའི་གནས་སྤོར་སྡོད་དམངས་ཀྱི་འཚོ་གནས་གནས་བབ་དང་མཐའ་མཚམས་བདེ་འཇགས་ཀྱི་གནས་བབ་ཛ་དྲག་ཆེ་བར་གྱུར་ཡོད་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།