རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གྲོས་ཚོགས་ཡུའེ་ཧན་ནེ་སི་ནས་བསྡུས།
2025.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེ་དུས་ཚོད་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡུའེ་ཧན་ནེ་སི་པོ་རུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་ཚོགས་ལ་ཞུགས། ཧྥེ་གླིང་ལྷོ་མའི་ཕྱི་འབྲེལ་པུའུ་ཀྲང་ལ་མོ་ལ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཁོངས་གཏོགས་སོ་སོ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས།

ཝང་དབྱི་ཡིས་བཤད་རྒྱུར། དེང་སྐབས་ཀྱི་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་འགྱུར་ལྡོག་ཁྲོད་གནས་ཡོད་ཅིང་། ས་གནས་ཀྱི་འགལ་བ་བསྟུད་མར་བྱུང་བཞིན་ཡོད་པས། འཛམ་གླིང་བདེ་འཇགས་ཀྱི་དམར་ཐིག་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ངེས་པར་དུ་ལིས་ཡུའེ་རི་ནེ་ལུའུ་ཡི་རྩེ་ཚོགས་ཀྱི་ཐུན་མོང་འདུ་ཤེས་དྲན་པར་བྱས་ཏེ། མཉམ་དུ་འཛམ་གླིང་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་བྱས་ནས། སྔར་ལས་བདེ་འཇགས་ཀྱི་འཛམ་གླིང་ཞིག་མཉམ་བསྐྲུན་བྱ་དགོས་ཟེར།

ཝང་དབྱི་ཡིས་འདིའི་ཐད་ཀྲུང་གོ་ཕྱོགས་ཀྱིས་གཅིག་ནས་མཉམ་དུ་འཛམ་གླིང་ཞི་བདེ་ཡི་སྲུང་སྐྱོང་མཁན་བྱེད་དགོས་པ་དང་། གཉིས་ནས་མཉམ་དུ་སྤྱི་ཡོངས་བདེ་འཇགས་ཀྱི་འཛུགས་སྐྲུན་མཁན་བྱེད་དགོས་པའི་གྲོས་གཞི་བཏོན།

ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་ཝང་དབྱི་ཡིས་བསྟན་དོན། ཉེ་ལམ་གྲོས་མོལ་གྱི་འབོད་སྒྲ་རྒྱུན་ཆེད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་པས་ཞི་བདེའི་སྒེའུ་ཁུང་ཕྱེ་ལ་ཉེ་ཟེར། ཕྱོགས་སོ་སོའི་ལངས་ཕྱོགས་གཅིག་མཐུ་མིན་ཡང་། རྙོད་འཛིང་གི་གནད་དོན་ཐག་གཅོད་བྱེད་སླ་མོ་ཞིག་མིན། ཡིན་ཡང་ཁ་བརྡ་བྱེད་རྒྱུ་ནི་འགོག་རྒོལ་ལས་བཟང་ཞིང་། གྲོས་མོལ་བྱེད་པ་འཐབ་འཁྲུག་ལས་བཟང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཉམས་ཉེན་སྔ་མོ་ནས་ཞི་བས་ཐག་གཅོད་པ་གཙོ་འཛིན་ཞིང་། ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་བྱེད་འོས་པ་བཞིས་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་ལ་ཕན་པའི་འབད་པ་ཡོད་ཚད་ལ་རྒྱབ་སྐྱོར་བྱེད། ཉེ་ལམ་ཨ་མེ་རི་ཁ་དང་ཨུ་རི་སིའི་བར་བྱུང་བའི་ཐུན་མོང་ངོས་འཛིན་ཡིན་ཀྱང་ཆོག ལས་དོན་ཕྱོགས་སོ་སོས་ཕན་ཚུན་གྱིས་སེམས་ཁུར་ཐག་གཅོད་ཐུབ་ཅིང་། རྒྱུན་མཐུད་ཐུབ་པ་དང་ཡུན་རིང་གི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱ་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱི་ལས་དོན་ཕྱོགས་ཀྱི་བླང་བྱ་གཞིར་བཟུང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་སེམས་ཁུར་ལ་བསམ་གཞིགས་བཏང་ནས། ཉམས་ཉེན་ཆབ་སྲིད་ཀྱིས་ཐག་གཅོད་པར་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་འདོད་ཡོད་པའི་ཚུལ་བསྟན།

མིག་སྔའི་དབུས་ཤར་གྱི་གནས་བབ་ཐད་ནས་ཝང་དབྱི་ཡིས་བསྟན་དོན། ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ངེས་པར་དུ་རྒྱུན་མཐུད་ཐུབ་པ་དང་ནུས་ལྡན་སྒོས་ལག་བསྟར་བྱེད་དགོས་པར་འདོད་ཅིང་། ཕ་ལེ་སི་ཐན་པས་ཕ་ལེ་སི་ཐན་སྐྱོང་བ་ནི་ཅ་ཧྲའི་དམག་འཁྲུག་རྗེས་ཀྱི་བཅོས་སྐྱོང་ཐད་ནས་རྒྱབ་སྐྱོར་བྱེད་འོས་པའི་རྩ་དོན་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ལག་བསྟར་བྱེད་ཆོག་པའི་ཐག་གཅོད་ཇུས་གཞི་གཅིག་པུ་ཡིན། ཕ་ལེ་སི་ཐན་པའི་གནད་དོན་ཡང་བསྐྱུར་ཕྱོགས་ལྟའི་གནས་སུ་ལྷུང་མི་རུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡའི་མི་དམངས་ཀྱི་གདམ་ཀར་བརྩི་འཇོག་བྱེད་དགོས་ཤིང་། དུས་མཉམ་དུ་ཐལ་སྤྱོད་སྟོབས་ཤུགས་སི་རི་ཡ་ནས་ཇེ་ཆེར་འགྲོ་བར་བཀག་སྡོམ་ནན་མོ་བྱས་ཏེ། དྲག་སྤྱོད་འཇིགས་སྐུལ་རྩ་འཛུགས་སི་རི་ཡ་རུ་གནས་ཐབས་མེད་པ་བྱེད་དགོས་ཟེར།

ཝང་དབྱི་ཡིས་ད་ལོ་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧྥེ་གླིང་དུས་སྐབས་ཡིན་པས། ང་ཚོས་ཧྥེ་གླིང་གི་སྐད་སྒྲར་ཉན་པ་དང་། ཧྥེ་གླིང་གི་སེམས་ཁུར་ལ་མཐོང་ཆེན་བྱེད་དགོས་ལ། ཧྥེ་གླིང་གི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱས་ཏེ། ཧྥེ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་ཟེར། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་མི་དམངས་ཀྱི་ཧྥེ་གླིང་གི་གནད་དོན་རང་བདག་སྒོས་ཐག་གཅོད་པར་རྒྱབ་སྐྱོར་བྱེད་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཧྥེ་གླིང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཅིང་། ཧྥེ་གླིང་མི་དམངས་ལ་རང་གི་དོན་དག་ཐག་གཅོད་བྱེད་པའི་བློ་གྲོས་དང་ནུས་པ། དབང་ཆ་ཡོད་ལ། ཧྥེ་གླིང་མནའ་འབྲེལ་གྱི་དམིགས་འབེན་མངོན་འགྱུར་འབྱུང་ཐག་ཆོད་ཡིན་པར་ཡིད་ཆེས་ཡོད་ཅེས་ནན་གྱིས་བསྟན།

གྲོས་ཚོགས་ཀྱི་སྐབས་སུ། ཝང་དབྱི་ད་རུང་ཨུ་རི་སི་དང་། སོ་ཏི། ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་ཐུག

རིག་འཛིན་སྒྲོལ་མས་བསྒྱུར།