ཨུ་རུ་སུ་དང་ཨ་རིས་ཝུའུ་ཁི་ལན་དང་འབྲེལ་བ་ཡོད་པའི་གྲོལ་མོལ་ཡང་བསྐྱར་མགོ་རྩོམ་རྒྱུར་མོས་མཐུན་བྱུང་ཞིང་། ཨུ་རུ་སིས“ཡོ་རོབ་ཀྱི་དམག་དཔུང་མངགས་གཏོང་དང་ལེན་མི་བྱེད་པ”ནན་བཤད་བྱས།
2025.02.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན།  ཨུ་རུ་སུའི་ཙུང་ཐུང་བཞུགས་ཤག་ཁེ་ལི་མུའུ་ལིན་ཕོ་བྲང་ནས་བསྟན་དོན། ཨུ་རུ་སུ་དང་ཨ་རིས་ཝུའུ་ཁི་ལན་གྱི་གདོང་ཐུག་གི་འབྲེལ་ཡོད་གྲོས་གཞི་ཚང་མའི་ཐད་ཡང་བསྐྱར་གྲོས་མོལ་བྱ་རྒྱུ་གཏན་འབེབས་བྱས་ཡོད་མོད། འོན་ཀྱང་དུས་མཚུངས་སུ་ཡོ་རོབ་དཔུང་སྡེ་ཝུའུ་ཁི་ལན་དུ་མངགས་ནས་མི་མངོན་པའི་ཞི་བདེ་སྲུང་སྐྱོང་གི་ལས་འགན་ལག་བསྟར་བྱ་རྒྱུའི་གྲོས་གཞི་གང་རུང་ཨུ་རུ་སུ་ཕྱོགས་ཀྱིས་དང་ལེན་བྱེད་ཐབས་བྲལ་ཞེས་ནན་བཤད་བྱས།

ཚེས18ཉིན། ཨུ་རུ་སུ་དང་ཨ་རི་སྲིད་གཞུང་གི་འཐུས་མི་ཚོགས་པས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་སྐོར་ནས་གྲོས་མོལ་བྱས་པ་རེད། ཚེས20ཉིན། ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཏི་སྨི་ཐེ་·ཕེ་སི་ཁོ་ཕུའུ་ཡིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་སྟེང་།  གྲོས་མོལ་དེས་ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་སྤྱི་ཡོངས་ནས་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་བཏང་ཡོད་ཅེས་བཤད་པ་རེད། ཁོས་ཐི་ལིང་ཕུའུ་སྲིད་གཞུང་གིས་གྲོས་མོལ་བྱས་པ་བརྒྱུད་ནས་གང་མགྱོགས་ཀྱིས་ཞི་བདེ་མངོན་འགྱུར་བྱེད་དགོས་པའི་སྐོར་གླེང་སྐབས། “ལངས་ཕྱོགས་དེ(ཨ་རི)སྐབས་གོང་མའི་སྲིད་གཞུང་ལས་ཨུ་རུ་སུའི་རེ་འདུན་དང་དེ་ལས་མཐུན་པ་རེད་ཅེས་ང་ཚོས་ཀྱང་བཤད་མྱོང་ཡོད”ཅེས་བཤད་པ་དང་། དེའི་ཐད་ཨུ་རུ་སུ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་མོས་མཐུན་བྱེད་ཀྱི་ཡོད།

ཕེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རེས་སྐོར་གསར་པའི་བཀག་ཉར་མི་སྣ་བརྗེ་རེས་བྱེད་པའི་གྲོས་གཞི་གྲོས་རིམ་ནང་བཅུག་ཡོད་ཟེར།

ཕྱི་རོལ་སྨྱན་བྱད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན།  མིག་སྔར་ཉུང་མཐར་ཡང་ཨ་རི་བ10ཨུ་རུ་སུར་བཙོན་འཇུག་བྱས་ཡོད་པ་རེད། ཟླ་འདིའི་ཟླ་སྟོད་དུ་ཨུ་རུ་སུ་ཕྱོགས་ཀྱིས“དུག་རྫས་ལྐོག་གཉེར་བྱས་པའི”དབང་གིས་ཨུ་རུ་སུར་ཁྲིམས་ཆད་འཁུར་བཞིན་པའི་ཨ་རིའི་སྤྱི་དམངས་མ་ཁི·ཧྥུའུ་ཀེར་གློད་འགྲོལ་བཏང་བ་དང་། ཨ་རི་ཕྱོགས་ཀྱིས་ཁྲིམས་ཆད་འཁུར་བཞིན་པའི་ཨུ་རུ་སུའི་སྤྱི་དམངས་ཡ་ལི་ཧྲན་ཏ་·ཝུན་ཉི་ཁེ་གློད་འགྲོལ་བཏང་བ་རེད།

ཨུ་རུ་སུ་དང་ཨ་རིའི་འཐུས་མི་ལི་ཡ་ཏེར་ཐུག་འཕྲད་མ་བྱས་པའི་ཉིན་འགའི་སྔོན་དུ།  ཨུ་རུ་སུ་ཕྱོགས་ཀྱིས་ཨ་རིའི་སྤྱི་དམངས་གཞན་ཞིག་གློད་འགྲོལ་བཏང་བ་རེད།

ཨུ་རུ་སུ་དང་ཨ་རིས་གོང་གསལ་གྱི་གྲོས་མོལ་སླར་གསོ་བྱ་རྒྱུའི་འདོད་བློ་ཁས་ལེན་བྱེད་པ་དང་དུས་མཚུངས་སུ། ཕེ་སི་ཁི་ཧྥུའུ་ཡིས་ཡོ་རོབ་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་་ལ“དམག་འཁྲུག་རྗེས་ཀྱི་ཞི་བདེ་སྲུང་སྐྱོང”དམག་དཔུང་མངགས་རྒྱུའི་གྲོས་གཞིར་ཨུ་རུ་སུ་ཕྱོགས་ཀྱིས་ངོ་རྒོལ་བྱེད་དགོས་པ་བསྐྱར་བསྒྲགས་བྱས་པ་རེད།

ཚེས16ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཅི་ཨར·སི་ཐ་མོ་ཡིས་གལ་སྲིད་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་བར་དུ་དམག་འཁྲུག་མཚམས་འཇོག་པའི་ཐད་གྲོས་མཐུན་གང་ཞིག་བཞག་ཚེ། ཁོས་ཨ་རིའི་རྒྱབ་སྐྱོར་གྱི་འོག་ཏུ་དབྱིན་ཇིའི་དམག་དཔུང་ཝུའུ་ཁི་ལན་དུ་བཅའ་སྡོད་བྱེད་པར་མངགས་ནས“བདེ་འཇགས་འགན་ལེན”མཁོ་འདོན་བྱེད་འདོད་ཡོད་ཅེས་བཤད་པ་རེད།  དབྱིན་ཇིའི《ཉིན་རེའི་གློག་འཕྲིན་ཚགས་པར》སྟེང་སྤེལ་བའི་གནས་ཚུལ་ལྟར་ན། སི་ཐ་མོ་ཡིས་ཐི་ལིང་ཕུའུ་ལ་ཇུས་གཞི་ཞིག་འབུལ་རྩིས་ཡོད་པ་དང་། ཇུས་གཞི་དེ་ལས་ཡོ་རོབ་གླིང་གི་དམག་མི་ཁྲི3ཙམ་ཝུའུ་ཁི་ལན་དུ་མངགས་གཏོང་བྱ་རྒྱུ་དང་། ཨ་རི་ཕྱོགས་ཀྱིས་དམག་དཔུང་དེ་དག་ལ་སྲུང་སྐྱོབ་བྱེད་དགོསཔའི་གྲོས་གཞི་བཏོན་ཡོད་པ་རེད།

ཕེ་སི་ཁི་ཧྥུའུ་ཡིས་ཨུ་རུ་སུའི་ངོས་ནས་བརྗོད་ན། གནས་ཚུལ་སྤེལ་བ་ལྟར་དབྱིན་ཇི་ཕྱོགས་ཀྱི་གྲོས་གཞི་དེ་དང་ལེན་བྱེད་མི་ཐུབ། གང་ཡིན་ཞེ་ན། ནུབ་གྱི་རྒྱ་མཚོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་དཔུང་སྡེ་ཝུའུ་ཁི་ལན་དུ་བཅའ་སྡོད་བྱེད་རྒྱུ་དང་འབྲེལ་བ་ཡོད་པས།  ཨུ་རུ་སུའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པས་ཨུ་རུ་སུ་ཕྱོགས་ཀྱིས་དེའི་ཐད་སེམས་ཁྲལ་བྱེད་བཞིན་ཡོད་པས་དེ་ལས་ཀྱང་“དོ་ཁུར་དམ་ཟབ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

ཨུ་རུ་སུས་བྱང་ཆིངས་དཔུང་སྡེ་ཝུའུ་ཁི་ལན་དུ་བཅའ་སྡོད་བྱེད་པར་ངོ་རྒོལ་ཐེངས་མང་བྱས་ཡོད། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ཞེ་ཨར་ཀེ·ལ་ཧྥུའུ་ལུའོ་ཧྥུའུ་ཡིས་གཟའ་འཁོར་འདིའི་སྔོན་ལ་དམག་དཔུང་དེ་དག་གིས་དར་ཆ་གཞན་གྱི་ཐོག་ནས་བྱ་སྤྱོད་སྤེལ་ནའང་ཨུ་རུ་སུའི་ཕྱོགས་ཀྱིས་དེ་ནི་ཨུ་རུ་སུའི་བདག་དབང་གི“ཐད་ཀའི་འཇིགས་སྐུལ”ལ་བརྩི་རྒྱུ་ཡིན་ཞེས་བཤད།

ལི་ཡ་ཏེའི་གྲོས་མོལ་གྱི་རིང་ལ་ཨུ་རུ་སུ་ཕྱོགས་ཀྱིས་བྱང་ཆིངས་ཀྱིས2008ལོར་བཞག་པའི་ཉིན་ཞིག་ཝུའུ་ཁི་ལན་བྱང་ཆིངས་ནང་ཞུགས་སུ་འཇུག་རྒྱུའི་ཁས་ལེན་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་།  ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མཇུག་བསྒྲིལ་རྗེས་བྱང་ཆིངས་ཁོངས་མིའི་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་དམག་དཔུང་མངགས་ནས། “ཞི་བདེ་སྲུང་སྐྱོང་བྱེད་པའི”བསམ་ཚུལ་ལ་དགག་པ་བརྒྱབ་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།