ཚེས22ཉིན། པོ་ཚི་ཝ་ནའི་ཙུང་ཐུང་པོ་ཁི་ཡིས་ཉེ་ལམ་རྒྱལ་ཁབ་དེར་བསྟུད་མར་ཉིན་འགའི་རིང་ཆར་ཆུ་བབས་པས་ཆུ་ལོག་གིས་མི7རྐྱེན་ལམ་དུ་ཤོར་བ་དང་དེའི་ནང་བྱིས་པ3ཡོད་ཟེར།
པོ་ཁི་ཡིས་ཉིན་དེར་པོ་ཚི་ཝ་ནའི་བརྙན་འཕྲིན་ཁང་གི་ཐད་གཏོང་བརྒྱུད་ནས། མིག་སྔར་ཆུ་ལོག་གིས་མི2994ལ་གནོད་འཚེ་ཐེབས་ཡོད་པ་དང་། མི1749ཁ་འགྲེམས་བྱས་ཡོད། སྲིད་གཞུང་གིས་རོགས་སྐྱོབ་བྱེད་ཐབས་སྤྱད་ནས་གྱོང་གུན་ཉུང་དུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཟེར།
པོ་ཁི་ཡིས་སྲིད་གཞུང་གིས་ད་དུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རྨང་གཞིའི་སྒྲིག་ཆས་ཀྱི་ཆུ་ལོག་འགོག་པའི་ནུས་པར་ཞིབ་བཤེར་བྱས་ནས། སྔར་ལས་ལེགས་པའི་སྒོ་ནས་གནོད་འཚེ་ལ་ཁ་གཏད་གཅོག་རྒྱུ་ཡིན་ཟེར།
པོ་ཁི་ཡིས་ད་དུང་ཉེན་རྟོག་པ་དང་དམག་མི། རྒྱལ་དམངས་མི་སྒེར་སོགས་ལས་རིགས་སོ་སོས་གེགས་སེལ་བྱ་སྤྱོད་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།