དམངས་འདོད་བརྟག་དཔྱད་ལས་མངོན་པ་ལྟར་ན། ཝུའུ་ཁི་ལན་གྱི་མང་ཚོགས་མང་ཆེ་བས་ཨ་རི་དང་ཨུ་རུ་སུའི་གྲོས་མོལ་དང་ལེན་བྱས་མེད།
2025.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས21ཉིན། ཝུའུ་ཁི་ལན་གྱི་རང་ཚུགས་དམངས་འདོད་བརྟག་དཔྱད་སྒྲིག་གཞིའི“རིམ་པ་དཔྱད་བསྡུར་ཚོགས་པའི”སྟེང་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན།  ཝུའུ་ཁི་ལན་གྱི་མང་ཚོགས91%གིས་ཝུའུ་ཁི་ལན་ཞུགས་མེད་པའི་ཨ་རི་དང་ཨུ་རུ་སུའི་བར་གྱི་གྲོས་མོལ་ལ་མཐའ་གཅིག་ཏུ་དང་ལེན་བྱེད་ཀྱི་མེད།

སྙན་ཞུ་ལས་བསྟན་དོན། སྒྲིག་གཞི་དེས་ཚེ20ཉིན་ནས་ཚེས21ཉིན་བར་ཁ་པར་ལས་སྐབས་བསྟུན་དཔེ་འཐེན་བྱ་ཐབས་བརྒྱུད་ནས།  ལོ18ཡན་གྱི་ཝུའུ་ཁི་ལན་གྱི་མང་ཚོགས1200ལ་དམངས་འདོད་ཚད་ལེན་ཚོད་ལྟ་བྱས་པ་རེད། མཇུག་འབྲས་ལས་མངོན་པ་ལྟར་ན། ཝུའུ་ཁི་ལན་གྱི་མང་ཚོགས91%གིས་ཝུའུ་ཁི་ལན་ཞུགས་མེད་པའི་ཨ་རི་དང་ཨུ་རུ་སུའི་བར་གྱི་གྲོས་མོལ་ལ་མཐའ་གཅིག་ཏུ་དང་ལེན་བྱེད་ཀྱི་མེད། བཅར་འདྲི་དང་ལེན་བྱེད་མཁན64%ཡིས་ཝུའུ་ཁི་ལན་དང་ཨུ་རུ་སུ་བར་ཐད་ཀར་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་པར་མ་ཟད། འཕེལ་ཕྱོགས་དེ་ད་དུང་མུ་མཐུད་འཕར་བཞིན་ཡོད་པ་རེད། བཅར་འདྲི་དང་ལེན་བྱེད་མཁན81%གིས་རྒྱལ་ཁབ་གཞན་དག་ཞུགས་ནས་གྲོས་མོལ་བྱེད་པའི་མཐུན་འགྲིག་ཇུས་གཞི་འཚོལ་ཞིབ་བྱེད་པ་ནི།  གཞི་ནས་གདོང་ཐུག་མཇུག་བསྒྲིལ་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གཞན་ཡང་ཝུའུ་ཁི་ལན་གྱི་མང་ཚོགས83%གྱིས་བདེ་འཇགས་འགན་ལེན་ཐོབ་པའི་གནས་ཚུལ་འོག ཝུའུ་ཁི་ལན་གྱིས་གཞི་ནས་དམག་འཁྲུག་མཚམས་འཇོག་པར་མོས་མཐུན་བྱ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

སྙན་ཞུ་ལས་ད་དུང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ལ་རྒྱབ་སྐྱོར་བྱེད་ཚད་ད་ལོའི་ཟླ1པོའི57%ནས65%བར་འཕར་ཡོད་ཅེས་འཁོད་ཡོད།

ཚེས18ཉིན།  ཨ་རི་དང་ཨུ་རུ་སུའི་འཐུས་ཚབ་ཚོགས་པས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏེ་རུ་གྲོས་མོལ་བྱས་ནས་རྒྱལ་ཁབ་གཉིས་བར་གྱི“དཀའ་གནད་ཆེ་བའི་གནད་དོན”ཐག་གཅོད་དང་། ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མཇུག་བསྒྲིལ་རྒྱུ་སོགས་ཐད་ནས་ཐུན་མོང་ངོས་འཛིན་བཞི་བྱུང་བ་རེད།  ཚེས21ཉིན། ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་གདོང་ཐུག་མཇུག་བསྒྲིལ་རྒྱུ་དམིགས་ཡུལ་ཡིན་པའི་གྲོས་མོལ་ནང་། ཙེ་ལན་སི་ཅི་ཞུགས་མིན་དེ“དེ་འདྲའི་གལ་འགངས་ཆེན་པོ་མེད”ཅེས་བཤད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།