ཉེ་ལམ་བུའུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་སྟེང་གསལ་བསྒྲགས་སྤེལ་ནས། ཝུའུ་ཙི་པེ་ཁི་སི་ཐན་གྱིས་དཔུང་སྡེ་གསར་པ་བཙུགས་ནས་མི་མེད་གནམ་གྲུར་ངོ་རྒོལ་བྱེད་པ་སོགས་ཀྱི་ལས་འགན་འཁུར་རྒྱུ་ཡིན་ཟེར།
ཚེས21ཉིན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་སྨི་ཨེར་ཅི་ཡུའེ་ཡེ་ཧྥུའུ་ཡིས་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱེད་སྐབས། རྒྱལ་སྲུང་ནུས་པར་ཤུགས་སྣོན་བྱེད་པ་སོགས་ཀྱི་གནད་དོན་གཙོར་བཟུང་ནས་གྲོས་བསྡུར་བྱས། ཚོགས་འདུ་ལས་བསྟན་དོན། དེང་རབས་ས་ཁུལ་གྱི་གདོང་ཐུག་ཁྲོད་མི་ཐབས་རིག་ནུས་དང་།འཕྲུལ་ཆས་མིའི་མ་ལག འཕུར་མདེལ། མི་མེད་གནམ་གྲུ་དང་དེ་མིན་འབྲེལ་ཡོད་ཁ་གཏད་གཅོག་པའི་བྱེད་ཐབས་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད་པར་བསྟན། གསལ་བསྒྲགས་ལས་བཤད་རྒྱུར། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་དམག་དཔུང་ཁྲོད་དཔུང་སྡེ་གསར་པ་བཙུགས་ནས་མི་མེད་གནམ་གྲུ་དང་འཕྲུལ་ཆས་མིའི་ལག་རྩལ་ཉེར་སྤྱོད་དང་མཁའ་ཟོན་དམག་འཐབ་ལ་སྤྱོད་པའི་བཀའ་བཏང་བར་མ་ཟད། མིས་བཟོས་ལག་རྩལ་སྤྱོད་པའི་དྲ་རྒྱའི་མ་ལག་འཛུགས་རྒྱུ་ཡིན་ཟེར།
གསལ་བསྒྲགས་ལས་ཝུའུ་ཙི་པེ་ཁི་སི་ཐན་གྱི་དམག་དཔུང་ལ་དེང་རབས་ཅན་གྱི་མཚོན་ཆ་དང་སྒྲིག་ཆས་རིམ་བཞིན་བཀོད་སྒྲིག་བྱེད་བཞིན་ཡོད་པར་བསྟན།
གསལ་བསྒྲགས་ལྟར་ན། ཚོགས་འདུའི་སྟེང་ད་དུང་དམག་དཔུང་གི་མ་འོངས་འཕེལ་རྒྱས་འཆར་འགོད་བྱེད་སྐབས་ངེས་པར་དུ་དེང་རབས་ཀྱི་དྲག་པོའི་གདོང་ཐུག་གི་ཁྱད་ཆོས་དང་ད་ཡོད་རྒྱལ་ཁབ་ཀྱི་བདེ་འཇགས་འཇིགས་སྐུལ། གཡུལ་སའི་ཁོར་ཡུག་སོགས་ཞིབ་ཕྲའི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།