ཟླ2པའི་ཚེས22ཉིན། ཧང་ག་རིའི་ཙུང་ལི་ཨོ་ཨར་པན་གྱིས་རྒྱལ་ས་པུའུ་ཏ་ཕེ་སི་རུ་བཤད་རྒྱུར། གལ་སྲིད་ཝུའུ་ཁི་ལན་ཡོ་རོབ་མནའ་འབྲེལ་ནང་ཞུགས་ནས་ཧང་ག་རིའི་ཁེ་ཕན་ལ་གནོད་པ་ཡིན་ན། ཧང་ག་རི་ཡིས་ཝུའུ་ཁི་ལན་ཡོ་རོབ་མནའ་འབྲེལ་ནང་ཞུགས་རྒྱུར་བཀག་འགོག་བྱ་རྒྱུ་ཡིན་ཟེར།
ཉིན་དེར་ཨོ་ཨར་པན་གྱིས་ལོ་ཧྲིལ་བོའི་རྒྱལ་ཁབ་ཀྱི་གནས་ཚུལ་སྐོར་གྱི་སྙན་ཞུ་འབུལ་སྐབས་བཤད་རྒྱུར། ཧང་ག་རི་ལ་ཝུའུ་ཁི་ལན་ཡོ་རོབ་མནའ་འབྲེལ་ནང་ཞུགས་ཐུབ་མིན་ཐག་གཅོད་བྱེད་དབང་ཡོད། “གལ་ཏེ་ཧང་ཀ་རི་དང་ཧང་ཀ་རིའི་མི་དམངས་ལ་ངོ་རྒོལ་བྱས་པའི་དབང་དུ་བཏང་ན། ཝུའུ་ཁི་ལན་དུས་ནམ་ཡང་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཏུ་འགྱུར་མི་སྲིད”ཟེར། ཁོས་ད་དུང་ཝུའུ་ཁི་ལན་ཡོ་རོབ་མནའ་འབྲེལ་ནང་ཞུགས་པ་དེས། ཧང་ག་རིའི་ཞིང་པའི་ཁེ་ཕན་དང་ཐ་ན་རྒྱལ་དམངས་དཔལ་འབྱོར་ཧྲིལ་པོར་གནོད་པ་ཐེབས་ངེས་ཡིན་ཟེར།
ཨོ་ཨར་པན་གྱིས་ད་དུང་བཤད་རྒྱུར། ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་བསྒྲིལ་རྗེས། ཝུའུ་ཁི་ལན་དེ་ཉིད་སླར་ཡང་བྱང་ཆིངས་དང་ཨུ་རུ་སུའི་བར་གྱི“བར་གཅོད་ས་ཁུལ”ཞིག་ཏུ་འགྱུར་རྒྱུ་ཡིན་སྟབས། ཁོས་ཝུའུ་ཁི་ལན་བྱང་ཆིངས་ནང་ཞུགས་རྒྱུར་མཐའ་གཅིག་ཏུ་དང་ལེན་མི་བྱེད་ཟེར། ཨོ་ཨར་པན་གྱིས་དེ་སྔོན་ཡོ་རོབ་ཀྱིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པའི་གནད་དོན་གླེང་སྐབས་བཤད་རྒྱུར། ཝུའུ་ཁི་ལན་ལ་མུ་མཐུད་མཚོན་ཆ་སྔར་ལས་གང་མང་སྐྱེལ་འདྲེན་བྱེད་པ་ལས། དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དང་ཞི་བདེ་ཡོང་ཐབས་ཀྱི་གྲོས་མོལ་ལ་སྐུལ་འདེད་བཏང་ན་ལེགས་ཟེར།
ཝུའུ་ཁི་ལན་གྱིས2022ལོའི་ཟླ2པར་ཡོ་རོབ་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་ཕུལ་བ་དང་། ལོ་དེའི་ཟླ6པར་ཡོ་རོབ་མནའ་འབྲེལ་གྱི་འོས་མིའི་རྒྱལ་ཁབ་ཏུ་གྱུར། 2023ལོའི་ཟླ12པར་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་མནའ་འབྲེལ་ནང་ཞུགས་པའི་ཐད་གྲོས་མོལ་བྱེད་མགོ་བརྩམས་པ་ཐག་བཅད། 2024ལོའི་ཟླ6པར་ཡོ་རོབ་མནའ་འབྲེལ་དང་ཝུའུ་ཁི་ལན་བར་པུའུ་ཀྲང་རིམ་པའི་སྲིད་གཞུང་བར་གྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དེའི་སྟེང་ནས། ཝུའུ་ཁི་ལན་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དངོས་སུ་མགོ་བརྩམས་པ་མཚོན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།