ཨ་མེ་རི་ཁ་དང་ཁ་ནཱ་ཏཱའི་མགོ་ཁྲིད་པས་ཁ་པར་གྲོས་མོལ་བྱས་ཏེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་དུག་རྫས་ཧྥུན་ཐེ་ནེ་སོགས་གྲོས་གཞིར་གྲོས་བསྡུར་བྱས།
2025.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས22ཉིན་ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་ཧྥུན་ཐེ་ནེ་སོགས་གྲོས་གཞིར་གྲོས་བསྡུར་བྱས།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཁ་པར་གྲོས་མོལ་གྱི་ནང་དོན་གནད་བསྡུས་ལས་བཤད་རྒྱུར། ཐི་ལུའུ་ཏའོ་ཡིས་ཐི་ལིང་ཕུའུ་ཡི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་པའི་རེ་འདུན་ལ་ཡིད་འཐད་ཡིན་པའི་ཚུལ་བསྟན་པ་དང་། ཁཱ་ནཱ་ཏཱ་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་ཨ་མེ་རི་ཁའི་བྱང་ཕྱོགས་མཐའ་མཚམས་ས་ཁུལ་ནས་ཨ་མེ་རི་ཁར་མཆེད་པའི་དུག་རྫས་ཧྥུན་ཐེ་ནེའི་ཁ་གྲངས་བརྒྱ་ཆའི་དགུ་བཅུ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་དང་། ཁཱ་ནཱ་ཏཱའི་མཐའ་མཚམས་ལས་དོན་གྱི་འགན་ཁུར་བ་གཟའ་འཁོར་རྗེས་མར་ཨ་མེ་རི་ཁར་སོང་ནས་ཨ་མེ་རི་ཁའི་དཔོན་རིགས་དང་མཉམ་དུ་ཧྥུན་ཐེ་ནེའི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཁཱ་ནཱ་ཏཱའི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསར་འགྱུར་ཚགས་པར་ལས་བཤད་རྒྱུར། གྲོས་མོལ་བྱས་པ་བརྒྱུད་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཚེས24ཉིན་ཁ་པར་གྲོས་ཚོགས་བསྡུ་རྒྱུ་ཡིན་ཟེར། ཐི་ལུའུ་ཏའོ་ཡིས་ད་རུང་ཐི་ལིང་ཕུའུ་ལ་ཁཱ་ནཱ་ཏཱ་དང་ཨ་མེ་རི་ཁའི་མཐའ་མཚམས་ས་ཁུལ་ནས་དུག་རྫས་ཧྥུན་ཐེ་ནེ་ལ་ཆམ་ཕབ་གཏོང་བའི་ཐད་ཀྱི་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། མཐའ་མཚམས་ས་ཁུལ་གྱི་དུག་རྫས་ཧྥུན་ཐེ་ནེ་རྩད་ཆོད་ཚད་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཟེར།

ཁཱ་ནཱ་ཏཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐི་ལུའུ་ཏའོ་ཡིས་གཟའ་འཁོར་འདིའི་ནང་བསྟན་དོན། ཝུའུ་ཁི་ལན་གྱིས་ངེས་པར་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་འབྲེལ་ཡོད་གྲོས་མོལ་ཁྲོད་གོ་གནས་ངེས་ཅན་ཟིན་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།