སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་ཚོགས་འདུ་ཟླ་འདིའི་ཚེས25ཉིན་སྤེལ་མགོ་རྩོམ་རྒྱུ་གཏན་འཁེལ་བྱས།
2025.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཚེས23ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་འདུ་དེ་ཟླ་འདིའི་ཚེས25ཉིན་ཚོགས་མགོ་རྩོམ་རྒྱུ་གཏན་འཁེལ་བྱས་ཡོད་ལ། སི་རི་ཡཱའི་བར་བརྒལ་དུས་སྐབས་ཀྱི་ཁྲིམས་འཛིན་དང་རྩ་ཁྲིམས་གཏན་འབེབས། དཔལ་འབྱོར་བཅོས་བསྒྱུར་སོགས་གྲོས་གཞི་གལ་ཆེན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཧཱ་སང་ཏཱ་ཆི་མུའུ་ཡིས་ཚེས23ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སི་རི་ཡཱའི་མངའ་ཁོངས་ཀྱི་ཚོགས་ཞུགས་མི་སྣར་གདན་ཞུའི་ཡི་གེ་བསྐུར་བ་དང་། ཕྱི་རྒྱལ་གྱི་གདན་ཞུས་མི་སྣ་དག་ཚོད་དཔག་བྱས་ན་ཚེས24ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་འབྱོར་ཐུབ་ལ། རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་འདུ་དེ་ཚོད་དཔག་བྱས་ན་ཚེས25ཉིན་མགོ་རྩོམ་རྒྱུ་ཡིན། མིག་སྔར་གྲོས་ཚོགས་ཀྱི་མཁོ་སྒྲུབ་དང་བདེ་འཇགས་བཀོད་སྒྲིག་བྱ་བ་གཏན་འབེབས་བྱེད་བཞིན་པའི་སྒང་ཡིན་ཟེར།

གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཧུའུ་ཏཱ་ཨ་ཐཱ་ཞི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་གྲོས་མོལ་ཚོགས་འདུ་ཐེངས་སུམ་ཅུ་ལྷག་སྤེལ་བ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོ་ནས་ཡོང་བའི་མི་སྟོང་བཞི་ལྷག་ཚོགས་འདུར་ཞུགས་ཏེ། ཚོགས་ཞུགས་མཁན་གྱི་གཏམ་བཤད་སྟོང་གཉིས་དང་ཉིས་བརྒྱ་ལྷག་ཟིན་ཐོར་བཀོད་ཡོད་པར་མ་ཟད། ཡིག་ཐོག་གི་བསམ་འཆར་བདུན་བརྒྱ་ལྷག་འབྱོར་ཡོད་ཟེར། ཁོ་མོས་བཤད་རྒྱུར། བར་བརྒལ་དུས་སྐབས་ཀྱི་ཁྲིམས་འཛིན་དང་རྩ་ཁྲིམས་གཏན་འབེབས། སྒྲིག་ལུགས་དང་དཔལ་འབྱོར་བཅོས་བསྒྱུར། སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བ་སོགས་གནད་དོན་ནི་མི་ཚང་མའི་ཐོག་མར་དོ་སྣང་བྱེད་པའི་ནང་དོན་ཡིན་པ་རེད་ཟེར།

ཨ་ཐཱ་ཞི་ཡིས་བཤད་རྒྱུར། རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་འདུ་ནི་ཡུན་རིང་བའི་རྒྱལ་ཁབ་བགྲོད་ལམ་གྱི་གོམ་པ་དང་པོ་ཡིན་པས། བསྟུད་མར་ཐུན་མོང་དུ་འབད་བརྩོན་བྱས་ཏེ། སི་རི་ཡཱའི་རྒྱལ་ཁབ་གསར་བར་འཛུགས་པའི་འདུ་ཤེས་ཀྱིས་རྒྱལ་ནང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཡོངས་གྲོས་མོལ་ཚོགས་འདུའི་སྐབས་སུ་དཔྱད་གླེང་ཚོགས་འདུ་ཐེངས་མང་སྤེལ་ཏེ། གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་འཚོལ་སྡུད་བྱས་པའི་གནད་དོན་ལ་གཏིང་ཟབ་ཏུ་གྲོས་བསྡུར་བྱས་ནས་ལག་བསྟར་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།