ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་བློན་ཆེན་སཱ་ཧྥ་ཏིས་ཀྱིས་ཚེས23ཉིན་ཨན་མན་ནས་འཚམས་འདྲིར་ཡོང་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ངེས་པར་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནས་བབ་སྲ་བརྟན་དུ་གཏོང་བར་མཉམ་དུ་འབད་བརྩོན་བྱེད་དགོས་པར་མ་ཟད། ཅཱ་ཧྲ་ས་ཁུལ་དུ་ཡུན་རིང་ཞིང་འདང་ཚིམས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་ནན་བཤད་བྱས།
ཅོར་ཏན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཟླ་རྗེས་མའི་ཟླ་མགོར་བསྡུ་རྒྱུ་ཡིན་པའི་ཨ་རབ་རྒྱལ་ཁབ་ཀྱི་བྲེལ་མྱུར་མཐོ་རིམ་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། ཨ་རབ་རྒྱལ་ཁབ་ཀྱིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ་མཉམ་ལས་དང་མཐུན་སྦྱོར་གཏིང་ཟབ་ཏུ་སྤེལ་བ་དང་ཐུན་མོང་འགྲན་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།
གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་གྱི་མི་རྣམས་རང་གི་ས་ཁོངས་ནས་མཐར་སྐྲོད་གཏོང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ནན་བཤད་བྱས་པར་མ་ཟད། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་མཐར་སྐྲོད་མ་བཏང་བའི་གནས་ཚུལ་འོག་ཅཱ་ཧྲ་ས་ཁུལ་བསྐྱར་འཛུགས་བྱེད་པའི་ནུས་པ་ཡོད་པ་དང་། ཨེ་ཅིབ་ཀྱིས་ཨ་རབ་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་འཆར་གཞི་གཏན་འབེབས་བྱས་ནས་དམིགས་འབེན་དེ་མངོན་འགྱུར་བྱེད་པར་བརྩོན་བཞིན་ཡོད། དེའི་ཞོར་དུ་ངེས་པར་དུ་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་བཀག་འགོག་བྱས་ཏེ། ངེས་པར་དུ་དབྱི་སི་རལ་གྱིས་གནས་བབ་ཇེ་སྡུག་ཏུ་གཏོང་བའི་ཁྲིམས་འགལ་འགུལ་སྐྱོད་མཚམས་འཇོག་དགོས་ཟེར།
ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས། ཕྱོགས་ཡོངས་འདྲ་མཉམ་གྱི་ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་པས། དེ་རྨང་གཞི་བྱས་ཏེ1967ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་བཙུགས་ནས་དབྱི་སི་རལ་བར་ཞི་བདེ་མཉམ་གནས་བྱེད་དགོས་པ་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།