ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས23ཉིན་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་ཀྲིན་ཀྲུའུ་ཏང་གི་སྔོན་ཆད་ཀྱི་མགོ་ཁྲིད་པ་ནཱ་སི་ལུའུ་ལཱ་དང་སཱ་ཧྥེ་ཏེན་ལ་དུར་འཇུག་མཛད་སྒོ་སྤེལ།
ཀྲིན་ཀྲུའུ་ཏང་གི་སྒྲོན་སྟེགས་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པ་ཁཱ་ཞི་མུའུ་ཡིས་དུར་འཇུག་མཛད་སྒོའི་ཡུལ་དངོས་ནས་བརྙན་རིས་གཏམ་བཤད་སྤེལ་ཏེ། རིན་དོད་ཅི་འདྲ་ཞིག་གཏོང་དགོས་ཀྱང་མུ་མཐུད་དུ་འགོག་རྒོལ་བྱ་འགུལ་སྤེལ་རྒྱུའི་དམ་བཅའ་བཞག་པར་མ་ཟད། ཀྲིན་ཀྲུའུ་ཏང་གིས་ཕཱ་ལེ་སི་ཐན་གྱི་ལས་དོན་ཐད་ཀྱི་དམ་བཅའ་ལ་གཡོ་འགུལ་འབྱུང་མི་སྲིད་པ་ནན་བཤད་བྱས།
ཁཱ་ཞི་མུའུ་ཡིས་དབྱི་སི་རལ་གྱིས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་བར་སྐྱོན་འཛུགས་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་སྔར་བཞིན་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་གནས་ལྔ་རུ་དམག་དཔུང་བཅའ་སྡོད་བྱས་ཡོད་པའི་ཚུལ་བསྟན་པར་མ་ཟད། ལེ་པཱ་ནུན་གྱིས་མུ་མཐུད་དུ་བཙན་བཟུང་དང་བཙན་འཛུལ་བྱེད་པར་བཟོད་སྒོམ་བྱེད་མི་སྲིད་པའི་ཉེན་བརྡ་བཏང་བ་དང་། ཀྲིན་ཀྲུའུ་ཏང་གིས་རང་སྟེང་གི་བརྡར་གཅོད་ལྟར་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
མྱ་ངན་ཞུ་མཁན་ཁྲི་སྟོང་མང་བོ་དུར་འཇུག་བྱེད་སར་འཛོམས་ཡོད། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་འཐུས་མི་མངག་ནས་དུར་འཇུག་མཛད་སྒོར་ཞུགས་པར་མ་ཟད་ཁོའི་ཚབ་ཏུ་ཞུ་ཚིག་སྒྲོག་འདོན་བྱས། ཧཱ་མེ་ནེ་དབྱེ་ཡིས་ཞུ་ཚིག་ཁྲོད་མྱ་ངན་དང་འཚམས་འདྲི་བྱས་པར་མ་ཟད། འཐབ་འཁྲུག་དེ་སྔོན་གྱི་དམིགས་འབེན་འགྲུབ་རག་བར་མུ་མཐུད་དུ་སྤེལ་རྒྱུའི་ཚུལ་བསྟན། དུར་འཇུག་གི་སྐབས་སུ་དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུ་ཡུལ་དངོས་ཀྱི་བར་སྣང་དུ་དམའ་མོར་འཕུར་སྐྱོད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།