སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་ཚེས23ཉིན་ཁྱབ་བསྒྲགས་བྱས་དོན། སུའུ་ཏན་གྱི་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཨིག་པེད་དབྱེ་ཏིའི་མཐའ་བསྐོར་ནས་ཟླ་ངོ་ཉེར་གཉིས་ཙམ་འགོར་བའི་བྱ་སྤྱོད་མཇུག་སྒྲིལ་དུ་བཅུག་པར་མ་ཟད། དབུས་ཕྱོགས་ཀྱི་པེ་ནེ་ལོ་མངའ་སྡེའི་བྱང་ངོས་ཀྱི་ཅི་ཐེ་ནཱ་གྲོང་ཁྱེར་ཕྱིར་བླངས་ཡོད་ཟེར།
སུའུ་ཏན་གྱི་དྲག་ཆས་དམག་དཔུང་གི་མགྲིན་ཚབ་པ་ནཱ་པུས་ལེ་ཨ་པུའུ་ཏུའུ་ལཱ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཨིག་པེད་དབྱེ་ཏིའི་གཞུང་ལམ་བདེ་བླག་ངང་ཤར་གཏོང་བྱས་ཏེ་གྲོང་ཁྱེར་དེར་བཅའ་སྡོད་བྱེད་པའི་དམག་དཔུང་དང་ལྷན་འཛོམས་བྱུང་ཡོད། དེ་ལས་གཞན་སུའུ་ཏན་དྲག་ཆས་དམག་དཔུང་གིས་ཅི་ཐེ་ནཱ་གྲོང་ཁྱེར་གྱི་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་ཚར་གཅོད་བྱས་ཏེ་གྲོང་ཁྱེར་དེའི་ཚོད་འཛིན་དབང་ཆ་ཕྱིར་འཕྲོག་ལེན་བྱས་ཡོད་ཟེར།
ཨིག་པེད་དབྱེ་ཏི་གྲོང་ཁྱེར་དེ་ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེའི་དབུས་ཕྱོགས་སུ་གནས་པ་དང་། གནམ་གྲུ་ཐང་དང་སྣུམ་འདྲུད་སྦུག་ལམ་ཡོད་པས་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཡིན། 2023ལོའི་ཟླ4བར། སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་བྱུང་བའི་ཚུན་ལ། ཨིག་པེད་དབྱེ་ཏི་ལ་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མཐའ་བསྐོར་བའི་འཇབ་རྒོལ་ཐེབས་ཡོད་པ་རེད།
ཅི་ཐེ་ནཱ་གྲོང་ཁྱེར་དེ་རྒྱལ་ས་ཁཱ་ཐུའུ་མུའུ་ཡི་ལྷོ་ངོས་སུ་ཡོད་པ་དང་། ཁཱ་ཐུའུ་མུའུ་དང་སུའུ་ཏན་ལྷོ་ཕྱོགས་དང་ནུབ་ཕྱོགས་ཀྱི་འགྲིམ་འགྲུལ་ལྟེ་གནས་སུ་ཆགས་ཡོད། གྲོང་ཁྱེར་དེ2023ལོའི་ལོ་མཇུག་ནས་བཟུང་སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཚོད་འཛིན་བྱས་ཡོད་པ་དང་། དམག་དཔུང་དེས་པེ་ནེ་ལོ་མངའ་སྡེ་ནས་བཙན་བཟུང་བྱས་པའི་གྲོང་ཁྱེར་གཅིག་པུ་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།