ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་སྐོར་ཐེངས་གསར་བའི་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་ལ་ཆོག་མཆན་བཀོད།
2025.02.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས24ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་ནས་ལོ་ངོ་གསུམ་འགོར་བའི་སྐབས་སུ། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཨུ་རུ་སིར་དམིགས་པའི་སྐོར་ཐེངས་བཅུ་དྲུག་པའི་བཀག་སྡོམ་བྱེད་ཐབས་ལ་ཆོག་མཆན་བཀོད་པ་དང་། ནུས་ཁུངས་དང་ཉོ་ཚོང་། འགྲིམ་འགྲུལ། རྨང་གཞིའི་སྒྲིག་ཆས། དངུལ་ལོར་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དག་གིས་ཉིན་དེར་པུའུ་ལུའུ་སེར་ནས་གྲོས་ཚོགས་བསྡུས་ཏེ། ཨུ་རུ་སིར་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཐག་བཅད། བཀག་སྡོམ་བྱེད་ཐབས་དེ་དག་ལ་ཨུ་རུ་སིའི་དམག་དོན་བཟོ་ལས་ཕྱོགས་བསྡུས་ཚོགས་པར་རྒྱབ་སྐྱོར་བྱེད་པ་དང་། བཀག་སྡོམ་ཉེན་ཡོལ་གྱི་བྱ་བ་གཉེར་བ། ཨུ་རུ་སིའི་གསང་རྒྱ་བྱས་པའི་རྒྱུ་ནོར་ཉོ་ཚོང་། མཚོ་ཐོག་སྐྱེལ་འདྲེན་སོསག་ཁྱབ་ཁོངས་ལ་འབྲེལ་བའི་མི་སྒེར་དང་ཚོགས་པ་གྱ་གསུམ་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་གྲིབ་གཟུགས་གྲུ་གཟིངས་རུ་ཁག་ལ་གཏོགས་པའི་གྲུ་གཟིངས་དོན་བཞི་དང་ཨུ་རུ་སིའི་ནུས་ཁུངས་ཡོང་འབབ་ཐད་རྒྱབ་སྐྱོར་བྱེད་པའི་གྲུ་གཟིངས་དག་ལ་བཀག་སྡོམ་བཀའ་རྒྱ་གཏོང་རྒྱུ་ཐག་བཅད་པར་མ་ཟད། དེར་འབྲེལ་ཡོད་ཀྱི་མཚོ་ཐོག་སྐྱེལ་འདྲེན་ཞབས་ཞུ་འདོན་སྤྲོད་བྱེད་པ་གཏན་འགོག་བྱས་ཡོད།

ཉོ་ཚོང་བཀག་སྡོམ་བྱེད་ཐབས་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་སྔོན་ཨུ་རུ་སིས་ལས་སྣོན་བྱས་པའི་ཧ་ཡང་ཐོན་རྫས་ནང་འདྲེན་བྱེད་པ་གཏན་འགོག་བྱས་པའི་རྨང་གཞིའི་སྟེང་། སྔར་ལས་ལྷག་པའི་སྒོ་ནས་བཀག་སྡོམ་ཁྱབ་ཁོངས་རྒྱ་བསྐྱེད་དེ་ཨུ་རུ་སིར་དམིགས་པའི་ཧ་ཡང་གི་ནང་འདྲེན་བཀག་རྒྱ་ཁ་སྣོན་བྱས། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་དམངས་དམག་གཉིས་བཀོལ་གྱི་དངོས་རྫས་ཨུ་རུ་སིར་ཕྱིར་གཏོང་བྱེད་པའི་བཀག་སྡོམ་ལ་ཤུགས་སྣོན་བྱས་ཡོད་ལ། དེའི་ནང་རྩིས་འཁོར་གྱི་གཞི་གྲངས་དང་འབྲེལ་བའི་མཉེན་ཆས་དང་མི་མེད་གནམ་གྲུ་ཚོད་འཛིན་བྱེད་པའི་ཚོད་འཛིན་ཡོ་བྱད་སོགས་འདུས།

ནུས་ཁུངས་ཀྱི་བཀག་སྡོམ་བྱེད་ཐབས་ཐད་ནས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་མ་བཅོས་རྡོ་སྣུམ་དང་རྡོ་སྣུམ་ཐོན་རྫས་དག་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲུ་ཁ་ནས་གནས་སྐབས་སུ་གསོག་འཇོག་བྱེད་པའམ་རང་དབང་ས་ཁུལ་གྱི་ལས་རིམ་ལྟར་གསོག་འཇོག་བྱེད་པར་གཏན་འགོག་བྱེད་རྒྱུ་ཐག་བཅད།


བསོད་ནམས་ཚེ་རིང་གིས་བསྒྱུར།