ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས24ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། སི་རི་ཡཱའི་གནད་འགག་གི་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཚོད་འཛིན་བྱེད་ཐབས་མཚམས་བཞག་ནས། སི་རི་ཡཱའི་དཀྱེལ་ཡངས་རང་བཞིན་གྱི་ཆབ་སྲིད་བར་བརྒལ་དང་དཔལ་འབྱོར་སླར་གསོ། བསྐྱར་འཛུགས་དང་གཏན་འཇགས་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
སྤྱི་སྒྲོག་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་ནུས་ཁུངས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ལས་རིགས་རང་བིན་གྱི་བཀག་སྡོམ་མཚམས་འཇོག་རྒྱུ་ཡིན་པ་དང་། སི་རི་ཡཱའི་དངོས་ཚོགས་ལྔའི་མ་དངུལ་དང་དཔལ་འབྱོར་ཐོན་ཁུངས་ཀྱི་བཀག་སྡོམ་མེད་པར་གཏོང་རྒྱུ་མ་ཟད། སི་རི་ཡཱའི་ཀྲུང་དབྱང་དངུལ་ཁང་ལ་མ་དངུལ་དང་དཔལ་འབྱོར་ཐོན་ཁུངས་འདོན་སྤྲོད་བྱེད་པའི་ཐབས་ལམ་སྒོ་འབྱེད་བྱེད་རྒྱུ་ཡིན་ལ། སི་རི་ཡཱའི་དངུལ་ཁང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་དངུལ་ལོར་ལས་ཁུངས་བར་བྱེད་སྒོའི་འབྲེལ་བ་འཛུགས་པར་ཆོག་མཆན་བཀོད་དེ། སི་རི་ཡཱའི་ནུས་ཁུངས་དང་འགྲིམ་འགྲུལ་སྐྱེལ་འདྲེན། མི་ཆོས་རིང་ལུགས་སོགས་ཁྱབ་ཁོངས་དང་བསྐྱར་འཛུགས་ཁྲོད་དགོས་ངེས་ཀྱི་ཉོ་ཚོང་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་ད་ལྟའི་མི་ཆོས་རིང་ལུགས་ཀྱི་ཇུས་བཟང་དུས་ཚོད་ལ་ཚད་བཀག་མེད་པར་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།
ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། མུ་མཐུད་དུ་སི་རི་ཡཱའི་གནས་བབ་ལ་དཔྱད་འཇོག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སི་རི་ཡཱའི་བཀག་སྡོམ་ལེགས་སྒྲིག་བྱེད་མིན་ལ་བསམ་བློ་གཏོང་རྒྱུ་ཡིན། ཕྱོགས་གཞན་ཞིག་ནས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་སི་རི་ཡཱའི་སྔོན་ཆད་ཀྱི་སྲིད་དབང་ལ་འབྲེལ་བ་ཡོད་པའི་ཚོགས་པ་དང་མི་སྒེར། སི་རི་ཡཱའི་རྫས་འགྱུར་མཚོན་ཆ་དང་ཁྲིམས་འགལ་དུག་རྫས་ཉོ་ཚོང་སོགས་ཁྱབ་ཁོངས་ལ་འབྲེལ་བའི་བཀག་སྡོམ་སྔར་བཞིན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།