སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས24ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་བཀག་སྡོམ་བྱེད་ཐབས་སྐོར་ཞིག་མཚམས་བཞག་པར་དགའ་བསུ་ཞུས་པ་དང་། ཆོད་དོན་དེ་སི་རི་ཡཱའི་མི་དམངས་ཀྱི་དཀའ་སྡུག་ཇེ་ཆུང་དུ་གཏོང་བར་ཕན་ཐོགས་ཡོད་པར་མ་ཟད། སི་རི་ཡཱ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་བྱས་པར་གྲུབ་འབྲས་ཐོན་པའང་མཚོན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། སི་རི་ཡཱ་ཡིས་བལྟས་ན་ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱའི་བཀག་སྡོམ་བྱེད་ཐབས་སྐོར་ཞིག་མཚམས་འཇོག་རྒྱུ་ཐག་བཅད་པ་ནི་གྲོས་མོལ་རྒྱ་ཆེར་བྱས་པ་ལས་བྱུང་བ་ཡིན་པར་འདོད། རྒྱལ་སྤྱིའི་གྲོགས་པོ་དག་གིས་བྱེད་ཐབས་སྔར་ལས་བཟང་བོ་སྤྱད་དེ་སྔར་བཞིན་སི་རི་ཡཱ་ལ་ཤུགས་རྐྱེན་ཐེབས་པའི་བཀག་སྡོམ་བྱེད་ཐབས་གཞན་པ་ཚང་མ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།