ཝུའུ་ཁི་ལན་དང་ཡོ་རོབ་གླིང་བྱང་མ། པའོ་ལོ་ཏི་མཚོ་ཁོངས་རྒྱལ་ཁབ་བཅས་ཀྱིས་ཚེས24ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་བྱང་མ་དང་པའོ་ལོ་ཏི་མཚོ་ཁོངས་རྒྱལ་ཁབ་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་དང་། ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། མུ་མཐུད་དུ་ཝུའུ་ཁི་ལན་དང་ཡོ་རོབ་གླིང་། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་གཞི་གཅིག་ཅན་དང་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་གློག་འཕྲིན་འཕྲིན་གཏོང་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཧྥུན་ལན་དང་ལཱ་ཐའོ་ཝེ་ཡཱ། ལི་ཐའོ་ཝན་བཅས་ཀྱི་ཙུང་ཐུང་དང་། དེ་མིན་ཏན་མག་དང་ཨེ་སོ་ནི་ཡཱ། འཁྱག་གླིང་། ནོར་ཝེ། སུའེ་ཏེན་བཅས་ཀྱི་སྲིད་གཞུང་མགོ་གཙོ་དག་དང་མཉམ་དུ་ཉིན་དེར་ཅི་ཧྥུའུ་ནས་མཉམ་འབྲེལ་གསལ་སྒྲོག་སྤེལ།
གསལ་སྒྲོག་ལས་བཤད་རྒྱུར། དྲང་བདེན་དང་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་ཆེད། ཝུའུ་ཁི་ལན་དང་ཡོ་རོབ་གླིང་རྒྱལ་ཁབ་ངེས་པར་དུ་གཞུག་ཕྱོགས་ཀྱི་གྲོས་མོལ་ཡོད་ཚད་ལ་ཞུགས་དགོས་པ་དང་། ཝུའུ་ཁི་ལན་གྱི་བདེ་འཇགས་ལ་ངེས་པར་དུ་འགན་སྲུང་ཐོབ་དགོས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཉམས་ཉེན་མཇུག་སྒྲིལ་ན་ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་བདེ་འཇགས་ཐོན་སྐྱེད་ཐད་གཞི་རྩའི་རང་བཞིན་དང་ཡུན་རིང་གི་ཤུགས་རྐྱེན་ཐེབས་སྲིད་པས། ཕྱོགས་སོ་སོས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་བསྐྱར་སྒྲོག་བྱེད་དགོས། ཡོ་རོབ་གླིང་གིས་ངེས་པར་དུ་མགོ་ཁྲིད་ནུས་པ་བཏོན་ནས། ང་ཚོས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་མཉམ་ལས་བྱས་ཏེ་ཞི་བདེ་མངོན་འགྱུར་བྱེད་པར་བརྩོན་བཞིན་ཡོད་ཟེར།
གསལ་སྒྲོག་ལྟར་ན། ཡོ་རོབ་གླིང་བྱང་མ་དང་པའོ་ལོ་ཏི་མཚོ་ཁོངས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་དྲུག་གི་དམག་དོན་དང་ནོར་སྲིད། མི་ཆོས་རིང་ལུགས་བཅས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། ཝུའུ་ཁི་ལན་ཕྱོགས་ལ་སྔར་ལས་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས། རྒྱབ་སྐྱོར་དེ་དག་ནང་མཁའ་སྲུང་དང་མདེལ་རྫས་ཀྱི་རོགས་སྐྱོར། ཝུའུ་ཁི་ལན་གྱི་རྒྱལ་སྲུང་བཟོ་ལས་ལ་དངུལ་གཏོང་མང་དུ་བྱེད་པ། ཝུའུ་ཁི་ལན་གྱི་དམག་དཔུང་ལ་སྒྲིག་ཆས་འདོན་སྤྲོད་བྱས་ནས་སྦྱོང་བརྡར་བྱེད་པ་སོགས་འདུས། གསལ་སྒྲོག་ལས་ད་རུང་མུ་མཐུད་དུ་ཨུ་རུ་སིའི་བཀག་སྡོམ་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན་ཡོད།
ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་ནས་ལོ་གསུམ་འགོར་བའི་སྐབས་སུ། ཙེ་ལིན་སི་ཅི་ཡིས་ཚེས24ཉིན་ཅི་ཧྥུའུ་ནས་མགོ་འཛིན་བྱས་ཏེ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་མཐོ་རིམ་གྲོས་ཚོགས་བསྡུས། ཡོ་རོབ་གླིང་བྱང་མ་དང་པའོ་ལོ་ཏི་མཚོ་ཁོངས་རྒྱལ་ཁབ་འདུས་པའི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་ཚོགས་འདུར་ཞུགས། གྲོས་ཚོགས་ནས་གཙོ་བོ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པ་དང་། ཨུ་རུ་སིར་བཀག་སྡོམ་བྱེད་པ། ཝུའུ་ཁི་ལན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་པ། ཝུའུ་ཁི་ལན་དང་ཡོ་རོབ་གླིང་། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་གཞི་གཅིག་ཅན་གྱི་འཕེལ་རིམ་སོགས་གྲོས་གཞིར་གྲོས་བསྡུར་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།